ཚ་སྒང་གྲོགས་གླིང་གི་ཐེངས་ལྔ་པའི་འགྲན་རྩོམ་བདམས་བཀོད།༢
ཁ་བྱང་གཅིག་པའི་རྩོམ། ༼ཁྱོད་དྲན་པའི་ངང་ཚུལ།༽
༄༅།།ཁྱོད་དྲན་པའི་ངང་ཚུལ།།
བློས་ཐུབ་སེམས་ཀྱི་གཏིང་དུ་ཡོད་པའི་གྲོགས་ཀྱི་མཆོག།
གང་དང་གང་དུ་ཡོད་ཀྱང་བརྩེ་བས་དྲན་གདུང་གི།།
དུང་བ་ཟབ་མོས་ཁྱོད་དྲིན་དྲན་པའི་ངང་ཚུལ་འདི།།
གཟུགས་སུ་གྲུབ་ན་ཀུན་བཟོད་སྣོད་དུ་ཆུང་བར་ངེས།།
ཁྱོད་ལ་ཤེས་བྱའི་ཡོན་ཏན་ཇི་སྙེད་ལྡན་ན་ཡག།
མེད་ནའང་ཕུང་བར་མི་འགྱུར་དུང་དུང་རབ་དཀར་འདི།།
ཡོད་ན་ལེགས་ཚོགས་ཡོན་ཏན་ཀུན་གྱི་མ་མ་སྟེ།།
ཁྱོད་དྲིན་དྲན་པའི་ངང་ཚུལ་རྣམ་ཀུན་བསྔགས་པར་འོས།།
རང་ཉིད་སྡུག་གིས་གནར་བའི་སྐབས་སུ་མི་དོར་ཞིང་།།
སྟོབས་འབྱོར་དབང་ཐང་ལྡན་ཡང་ཕྲག་དོག་བྲལ་བ་དང་།།
བློས་ཐུབ་སེམས་ཀྱི་ནང་དུ་ཡོད་པའི་གྲོགས་ཀྱི་མཆོག།
ཁྱོད་དྲིན་དྲན་པའི་ངང་ཚུལ་མཐོང་བའི་སྐྱེ་བོ་དཀོན།།
མཐོ་ལ་ངོ་སོ་ཆེ་བ་མི་དགོས་རང་ལས་བརྩོན།།
རང་དང་འདྲ་མཉམ་མཐོང་ཚེ་འགྲན་སེམས་བྲལ་བ་དང་།།
དམན་ལ་ཐུབ་རྩོད་ལས་ལ་མི་འཇུག་གོ་ཆ་སྟེ།།
ཁྱོད་དྲིན་དྲན་པའི་ངང་ཚུལ་འདི་ཡི་བྱེད་ལསསོ།།
བྱང་ཆུབ་སེམས་ཀྱི་དབེན་ཡང་བྱང་ཆུབ་དོན་གཉེར་ཅན།།
བྱང་བུ་ལྷོ་ཡི་བསིལ་ཟེར་བྱང་ཁར་འགྲིམས་ཞོར་དུ།།
བྱང་ཕྱོགས་ཁ་བ་ཅན་གྱི་བྱང་ཕྱོགས་ཧོར་ཡུལ་ནས།།
ཁྱོད་དྲིན་དྲན་པའི་ངང་ཚུལ་ཁྱོད་ལ་ཅུང་ཟད་བསྟོད།།
བོད་ཀྱི་རབ་གནས་ཉིས་སྟོང་ཆིག་བརྒྱ་ཞེ་གཅིག་དང་།།
ཕྱི་ལུགས་ལྟར་ན་ཉིས་སྟོང་བཅོ་ལྔ་འདི་ཡི་ལོའི།།
བོད་ཟླ་ཅུ་གཉིས་བོད་ཚེས་ཉེར་ཤུ་རྩ་གཅིག་དང་།།
ཕྱི་ཟླ་གཉིས་པའི་ཕྱི་ཚེས་བཅུ་ཡི་ཉིན་མོར་སྤེལ།།