སྲིད་ན་དཀོན་པའི་རིན་པོ་ཆེ།
〔འཇར་མན〕ཝེ་སེར། འཇམ་དར་དང་ཟླ་ཚེས་བསྒྱུར།
རིན་པོ་ཆེ་འཚོང་མཁན་པིན་ཏེར་གྱིས་རང་གི་ཚོང་ཁང་ནང་དུ་མགྲོན་པོ་རྣམས་ལ་ཚོང་ཟོག་གི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་ཡོད།
"སྙིང་ཉེ་མ། ཁྱོད་རང་རྣ་རྒྱན་འདིར་དགའ་འམ"ཞེས་མགྲོན་པོ་སྐྱེས་པ་དེས་དུང་ཞེན་ཟབ་མོ་དང་བཅས་ཁོའི་གམ་དུ་འགྲེང་བའི་བུད་མེད་ལོ་གཞོན་དེར་དེ་ལྟར་དྲིས།
ལུས་ལ་གཟབ་མཆོར་སྤྲས་པའི་བུད་མེད་དེས་མི་དགའ་བའི་རྣམ་འགྱུར་གྱིས་བཤད་རྒྱུར"ང་རང་དགའ་མི་དགའ་འདྲི་དགོས་དོན་ཅང་ཡོད་དམ། རྡོ་རྗེ་ཕ་ལམ་འདི་དངོས་གནས་མཛེས་སྡུག་གཞན་འགྲན་མེད་པ་ཞིག་འདུག ངས་ད་བར་དུ་འདི་ལྟ་བུ་ཞིག་མཐོང་མ་མྱོང་།
རྣ་རྒྱན་འདིར་དངུལ་གཚོད་ཡིན་ནམ།" སྐྱེས་པ་དེས་དེ་ལྟར་དྲིས།
པིན་ཏེར་གྱིས་ཁོ་བོའི་སྙིང་ཡང་ལྟིག་ལྟིག་ཏུ་ལྡིང་བའི་ཉམས་སྣང་བྱུང་། ཁོ་རང་ད་ལྟའི་བར་དུ་འདི་ལྟ་བུའི་མགྲོན་པོ་ཁ་རི་ཁ་ཐུག་ཅིག་དང་འཕྲད་མ་མྱོང་། ཁོས་མགྲོན་པོའི་ཉམས་ཚོད་བརྟག་ཆེད་"དེ་འདྲ་ལོས་ཡིན། རྡོ་རྗེ་ཕ་ལམ་འདིའི་རིན་གོང་ཧ་ཅང་མཐོ་ཞེས་སྨྲས།
"དེ་ལོས་ཡིན།" མགྲོན་པོ་སྐྱེས་པ་དེས་མཐོང་ཆུང་གི་ཉམས་དང་བཅས"དངུལ་ག་ཚོད་ཡི་ནམ"ཞེས་དྲིས།
རིན་པོ་ཆེའི་ཚོང་པ་པིན་ཏེར་གྱི་ཚུལ་ལ་བལྟས་ན་ཁོས་ནུས་ཤུགས་ཧ་ཅང་ཆེན་པོ་བཏོན་རྗེས་ད་གཟོད་དེའི་རིན་གོང་འཆད་ཐུབ་པ་དང་འདྲ། ཁོས་དབུགས་རིང་པོ་ཞིག་ཁོང་དུ་བརྔུབས་རྗེས་ད་གཟོད"འབུམ་གཅིག་ཡིན"ཞེས་བཤད། ཚོང་ཁང་ནང་དུ་ཡུད་ཙམ་ཞིག་ལ་གྲག་འགུལ་ཅི་ཡང་མེད་པར་དལ་ཅག་གེར་ལུས་རྗེས། གཟབ་མཆོར་སྤྲས་པའི་སྐྱེས་མའི་མགྲོན་པོ་དེས་ཨག་སྐད་ཅིག་བཏོན་ཞིང་། མཛེས་པའི་མིག་ཟུང་གིས་རང་གི་གམ་དུ་ཡོད་པའི་སྐྱེས་པར་ཅེར། འོན་ཀྱང་སྐྱེས་པས་ནི་ཐེ་ཚོམ་ཅི་ཡང་མེད་པར་འདྲི་རྒྱུར"ངས་དངུལ་སྤྲོད་འཛིན་ཤོག་སྤྱད་ནས་རིན་དངུལ་སྤྲད་ཆོག་གམ"ཟེར། གནས་ཚུལ་གློ་བུར་བ་འདིས་པིན་ཏེར་བླ་འཁྱམས་པ་ཇི་བཞིན་ཧད་དེ་དུས་ཡུན་གང་འཚམ་ཞིག་འགོར། ཚོང་ཁང་གི་རྒྱབ་ཕྱོགས་སུ་ཡོད་པའི་སྐྱེས་མའི་ཚོང་གཉེར་པ་གཉིས་ཀྱིས་ཀྱང་གཅིག་གིས་གཅིག་གི་གདོང་ལ་ཅེར་འདུག ཚུལ་དེར་བལྟས་ན་མོ་རང་གཉིས་རང་གི་རྣ་བར་ཡང་ཡིད་ཆེས་ཀྱི་མེད་པ་འདྲ།
"ཅི་རེད།" སྐྱེས་པའི་མགྲོན་པོ་དེ་མ་དགའ་བ་འདྲ། ཁོས་"ཁྱོད་ཀྱི་སེམས་ལ་ཁོ་བོས་མ་ཁེ་འབུམ་གཅིག་ལག་དངུལ་བྱས་ནས་བཟུང་ཡོད་སྙམ་མམ"ཞེས་དྲིས་པར། པིན་ཏེར་གྱིས་ཅི་དྲན་འདི་དྲན་མེད་པར་མགྲོན་པོའི་གདོང་ལ་ཅེར་ནས་ཡུན་རིང་བསྡད་རྗེས་ད་གཟོད"དེ་འདྲ་ག་ལ་ཡིན། འོན་ཀྱང་འདི་རིན་གོང་ཉུང་ཉུང་ཞིག་མིན་པ་ཁྱེད་ཀྱིས་ཀྱང་མི་མཁྱེན་པ་ག་ལ་སྲིད། དེ་བས་སྔོན་ལ་དངུལ་སྤྲོད་འཛིན་ཤོག་གི་བདེན་རྫུན་བརྟག་དགོས། ཁྱེད་ཅག་མགྲོན་བསུ་ཁང་དུ་ཕེབས་ནས་ཏོག་ཙམ་བསྒུགས་དང"ཞེས་སྨྲས།
སྐར་མ་བཅུའི་རྗེས་སུ་དངུལ་སྤྲོད་འཛིན་ཤོག་དེ་རྫུན་མ་མིན་པར་ཐག་ཆོད་སོང་བས། པིན་ཏེར་གྱི་སེམས་ཁུར་གཞི་ནས་ཞི་བར་གྱུར།
ཁོའི་སེམས་ལ་ཚོང་འདི་ལྟ་བུ་ནི་ཉིན་རྒྱུན་འཕྲད་ཐུབ་པ་ཞིག་མིན་སྙམ་སྟེ་ཁོང་འཛུམ་ཞིག་ཤོར་ཏེ་བསྡད། རྡོ་རྗེ་ཕ་ལམ་འདིའི་རིན་གོང་དངོས་གནས་ཤིན་ཏུ་མཐོ་ལ་བཟོ་རྩལ་ཡང་ཕུལ་ཏུ་བྱུང་བ་ཞིག་རེད། ཡིན་ན་ཡང་རྡོ་རྗེ་ཕ་ལམ་འདིར་སྐྱོན་ཕྲན་བུ་ཞིག་ཡོད་ཅིང་། སྐྱོན་ཕྲན་ཚེགས་དེའི་རྐྱེན་གྱིས་རིན་གོང་ཡང་ཆེས་ཆེར་ཆག་པར་བྱས་ཡོད།
སྟབས་ལེགས་པ་ཞིག་ནི་སྐྱོན་ཕྲན་བུ་དེ་རིན་པོ་ཆེའི་སྐོར་གྱི་ཆེད་མཁས་མ་གཏོགས་མི་སྤྱིར་བཏང་བས་ནི་རྟོགས་དཀའ་བ་རེད། དེར་བརྟེན་པིན་ཏེར་གྱིས་སྔར་བཞིན་སླད་སྐྱོན་ཅི་ཡང་མེད་པའི་ཚུལ་གྱིས་བཙོང་པ་མ་ཟད། ད་དུང་སྔོན་གྱི་རིན་གོང་ཐོག་མ་ཁེ་ཁྲི་བཞི་བསྣན་པ་རེད། རིན་པོ་ཆེའི་རིགས་ནི་དབུལ་པོ་རྣམས་ཀྱིས་སྤྱོད་སྐལ་དུ་མི་འགྱུར་བ་ཁོས་གསལ་པོ་རྟོགས།
གཟའ་འཁོར་འགའ་འགོར་རྗེས་ཀྱི་ཉིན་ཞིག་ལ། མིང་ལ་ཁ་ཨེར་ཧྲུའུ་ཨེར་མན་ཟེར་བའི་སྐྱེས་པ་དེ་ཡང་བསྐྱར་རིནཔོ་ཆེ་ཚོང་ཁང་དུ་བསླེབས། པིན་ཏེར་གྱིས་ཁོ་མཐོང་མ་ཐག་ངོས་ཟིན་ཞིང་སེམས་ལ་ཁོས་རྡོ་རྗེ་ཕ་ལམ་གྱི་གསང་བ་རྟོགས་པ་མིན་ནམ་སྙམ་ནས་རང་དབང་མེད་སེམས་འཚབ་པར་གྱུར།
ཁ་ཨེར ་ཧྲུའུ་ཨེར་མན་གྱིས་ཨམ་ཕྲག་ནས་མིང་བྱང་ཞིག་བླངས་ནས་པིན་ཏེར་ལ་བྱིན་ཏེ"འདི་ནི་ངེད་ཅག་གི་སྡོད་གནས་གསར་པ་ཡིན། དེ་རིང་ང་འདིར་དོན་དག་ཅིག་གི་ཆེད་དུ་ཡོང་བ་ཡིན། ངའི་ཆུང་མས་ཁྱེད་ཀྱི་ཆོང་ཁང་ནས་རྡོ་རྗེ་ཕ་ལམ་གྱི་རྣ་རྒྱན་དེ་ཉོས་རྗེས། མོའི་ངག་ནས་ཉིན་རྒྱུན་རྡོ་རྗེ་ཕ་ལམ་འབའ་ཞིག་མ་གཏོགས་གླེང་རྒྱུ་མེད་པར་གྱུར།
ད་ནི་མོ་རང་དགའ་བ་སྐྱེད་པའི་ལེགས་སྐྱེས་ཤིག་རྙེད་དཀའ་བས་ང་རང་ཐབས་བཀོད་ཟད་པར་གྱུར། ངའི་སེམས་ལ་གལ་ཏེ་མོར་སྔོན་གྱི་དེ་དང་འདྲ་མཚུངས་ཡིན་པའི་རྡོ་རྗེ་ཕ་ལམ་ཞིག་བྱིན་ཚེ་ཁོ་མོ་ཧ་ཅང་དགའ་བ་་གདོན་མི་ཟ་སྙམ། འོན་ཀྱང་ད་ཐེངས་རབ་ཡིན་ན་རྡོ་རྗེ་ཕ་ལམ་དེ་ལག་གདུབ་ཀྱི་ཕྲར་བཀོད་ཚེ། སྔར་ལས་ལེགས་པར་ངེས། ངས་རིན་གོང་ཅི་འདྲ་མཐོ་ཡང་སྣང་དོགས་མི་བྱེད་པ་ཁྱོད་ཀྱིས་ཀྱང་ཤེས"ཞེས་ཟེར།
"སྐུ་ཞབས་ལགས། འདི་ངས་ཕལ་ཆེར་བསྒྲུབ་ཐུབ་མི་སྲིད།"པིན་ཏེར་གྱིས་དབུགས་རིང་ཞིག་ཕྱུང་ནས"འཛམ་གླིང་ཐོག་ཡོངས་སུ་མཚུངས་པའི་རྡོ་རྗེ་ཕ་ལམ་གཉིས་གཏན་ནས་རྙེད་མི་སྲིད"ཅེས་བརྗོད།
"ངོ་མ་ཕངས་པོ་འདུག" ཧྲུའུ་ཨེར་མན་གྱིས་ཕངས་སེམས་ཆེན་པོ་དང་བཅས"ཤུ འོ་ན་ཁྱོད་དང་རིན་པོ་ཆེའི་ཚོང་པ་གཞན་གྱི་བར་འགྲོ་འོང་ཨེ་ཡོད། ཁོ་ཚོར་འབྲེལ་གཏུག་བྱས་ན་ག་འདྲ་ཡིན་ནམ"ཟེར།
ཡོད། ཡོད། སྐུ་ཞབས། ང་ཚོ་ཚང་མའི་བར་དུ་འབྲེལ་ལམ་ཡོད། སྐུ་ཞབས་པིན་ཏེར་གྱིས་ཅི་ཞིག་འཆད་དགོས་པའང་མི་ཤེས་པ་དང་འདྲ།
"དེས་ན་ཧ་ཅང་ལེགས། གལ་ཏེ་ཁྱེད་ཀྱིས་རྙེད་ཚེ་ཁོ་བོར་ཁ་པར་བརྒྱུད་ནས་འབྲེལ་གཏུག་བྱ་རོགས།"
རྡོ་རྗེ་ཕ་ལམ་དེའི་ཆེད་དུ་པིན་ཏེར་གྱིས་ཐབས་ཇུས་ཡོད་རྒུ་བཏོན་དགོས་བྱུང་། ཁོས་ཕྱོགས་བཞི་ཐམས་ཅད་ལ་རྩད་གཅོད་བྱས་ཤིང་རིན་པོ་ཆེའི་ཚོང་ཁང་བརྒྱ་ལྷག་ལ་འཕྲིནཡིག་བཏང་ནས་རྩད་བཅད། དེ་ལྟར་ཟླ་འགའ་འགོར་ཡང་འབྲས་བུ་ཅི་ཡང་མ་བྱུང་། ཏག་ཏག་སྐབས་དེར་ཕྱི་རུ་མངགས་པའི་མི་ཞིག་གིས་རྒྱང་ཐག་རིང་བའི་ཨ་ཤེ་ཡའི་གླིང་ནས་ཁོར་ཁ་པར་བཏང་བྱུང་། མི་དེས་ཁ་པར་ལས་ཁོ་འབར་མའི་དབྱང་ཀོང་ནས་སྔོན་གྱི་རྡོ་རྗེ་ཕ་ལམ་དེ་དང་མཚུངས་པ་ཞིག་མཐོང་བྱུང་ཟེར། སྐུ་ཞབས་པིན་ཏེར་གྱིས་ཁ་པར་གྱི་ལམ་ནས་"དེ་ཉོས་ཤིག དངུལ་ག་ཚོད་ཤོར་ཡང་སྣང་འཇོག་བྱེད་མི་དགོས་ཞེས་སྨྲས།
དེ་ལྟར་མི་དེས་མ་ཁེ་སུམ་འབུམ་གསུམ་དང་ཁྲི་ལྔས་རྡོ་རྗེ་ཕ་ལམ་དེ་ཉོས་ནས་འོངས།
པིན་ཏེར་དགའ་བ་ཚད་མེད་སྐྱེས་མོད། རྡོ་རྗེ་ཕ་ལམ་འདི་དང་ཧྲུའུ་ཨེར་མན་ལ་བཙོངས་པའི་རྡོ་རྗེ་ཕ་ལམ་གཉིས་ཅུང་ཟད་འདྲ་བའི་སྣང་བ་ཞིག་ཁོ་ལ་སྐྱེས། དེ་ནས་ཁོས་ཡང་རིན་པོ་ཆེར་བརྟག་མཁན་ཆེད་མཁས་པ་དེ་བཙལ་ནས་རྡོ་རྗེ་ཕ་ལམ་འདིར་བརྟག་ཞིབ་བྱེད་དུ་བཅུག
ཆེད་མཁས་པས་རྡོ་རྗེ་ཕ་ལམ་དེ་མཐོང་མ་ཐག་ངག་ནས་དདབང་མེད་དུ་ཨ་ཙི། ཁྱོད་ཀྱི་རྡོ་རྗེ་ཕ་ལམ་འདི་གཞན་ལ་བཙོང་ཟིན་པ་མ་ཡིན་ནམ་ཞེས་ཤོར།
"ཁྱེད་རང་ནོར་སོང་། དེ་སྔ་ས་ནས་བཙོངས་ཟིན། འདི་ནི་གཞན་ཞིག་ཡིན། ཡིན་ཡང་འདི་ཉོ་མཁན་ཡང་བྱུང་ཟིན།"
ཆེད་མཁས་པས་རྡོ་རྗེ་ཕ་ལམ་དེར་ཞིབ་ཏུ་བལྟས་རྗེས"བརྟག་ཞིབ་ཀྱི་མཇུག་འབྲས་ཉིན་གཉིས་ཀྱི་རྗེས་སུ་ད་གཟོད་གསལ་པོར་ཤེས་ཐུབ། དེ་ལྟར་ལགས་ཀྱང་ངའི་སེམས་སུ་ངེས་པ་ནི། འདི་ཡང་སྔོན་མའི་རྡོ་རྗེ་ཕ་ལམ་དེ་དང་མཚུངས་པར་ཆ་ཤས་འདིར་སྐྱོན་ཕྲན་བུ་ཞིག་འདུག གལ་ཏེ་དེ་ནོར་མེད་ཚེ་འདི་ནི་སྔོན་གྱི་རྡོ་རྗེ་ཕ་ལམ་དེ་ཡིན་པ་ངས་ཚིག་ཐག་བཅད་ཆོག"ཟེར།
སྐུ་ཞབས་པིན་ཏེར་གྱི་སྙིང་ཁོང་ལ་ཙན་དན་གྱི་ཆུ་བྲན་པ་ཇི་བཞིན་འཁྱགས་སིལ་སིལ་དུ་གྱུར། ཁོ་རང་འཚབ་འཚུབ་ངང་ཁ་པར་ཡོད་སར་བརྒྱུགས་ནས་ཧྲུའུ་ཨེར་མན་ཚང་ལ་ཁ་པར་བཏང་། ཁ་པར་ལས་བུད་མེད་ཅིག་གི་སྐད་གྲགས་འོངས། "འདི་ག་ནི་རྒྱས་སྤྲོས་ཅན་གྱི་གསོལ་མགྲོན་ཁང་ཡིན། ཧ་ཅང་ཕངས་པ་ཞིག་ལ་སྐུ་ཞབས་ཧྲུའུ་ཨེར་མན་དང་ཁོའི་ཆུང་མ་གཉིས་ཉིན་གཉིས་ཀྱི་སྔོན་དུ་ཐོན་སོང་། འབྲེལ་གཏུག་བྱེད་ཐབས་གང་ཡང་གསུངས་མ་བྱུང"ཟེར། །