ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
 རྩོམ་ཡིག་ཀློག་པ།

ལྷོ་ཁའི་དམངས་ཁྲོད་གླུ་གར་བྲོ་པ་གཞས་མའི་སྐོར་རགས་ཙམ་གླེང་བ།

  རྩོམ་པ་པོ:ཤིང་གྲོགས།ཡོང་ཁུངས:མཚོ་སྔོན་པོ།གཟིགས་གྲངས:9671ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2014/7/28 23:00:05ཚོགས་ཡར་སྤྲོད:admin
ལྷོ་ཁའི་དམངས་ཁྲོད་གླུ་གར་བྲོ་པ་གཞས་མའི་སྐོར་རགས་ཙམ་གླེང་བ།
     བྲོ་པ་གཞས་མ་ནི་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་ས་ཁུལ་དུ་དར་ཁྱབ་ཆེ་བ་དང་། ལྷག་པར་ལྷོ་ཁ་ས་ཁུལ་གྱི་གནའ་རབས་ཀྱི་དམངས་ཁྲོད་གླུ་གར་ཞིག་ཡིན་ཞིང་། གནའ་རབས་ཀྱི་སྒྱུ་རྩལ་མེ་ཏོག་དེ་སླར་ཡང་རབ་ཏུ་བཞད་པའི་ཆེད་དུ་བསྡུ་རུབ་དང་ལེགས་སྒྲིག་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས"གནའ་བཟང་དེང་སྤྱོད་དང་སྙིགས་དོར་བཅུད་ལེན"གྱི་མཛད་ཕྱོགས་དོན་ཐོག་ཏུ་འཁྱོལ་བར་བྱེད་པའི་ཐད་ང་ཚོར་ལོ་རྒྱུས་ཀྱི་འགན་འཁྲི་ཡོད། དེས་ན་གཤམ་དུ་ངས་ལྷོ་ཁ་ས་ཁུལ་དུ་དར་ཁྱབ་ཅུང་ཆེ་བའི་དམངས་ཁྲོད་གླུ་གར་བྲོ་པ་གཞས་མའི་སྐོར་རགས་ཙམ་བརྗོད་རྒྱུ་ཡིན།
དང་པོ་། བྲོ་པ་གཞས་མ་ནི་གནའ་རབས་ཀྱི་སྒྱུ་རྩལ་རྣམ་གྲངས་ཤིག་ཡིན་ཚུལ།
     གླུ་གར་གྱི་སྒྱུ་རྩལ་གང་ཞིག་ཡིན་རུང་ཚང་མ་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱིས་རྒྱུན་རིང་དང་དོན་དངོས་ཀྱི་ཐོན་སྐྱེད་འཚོ་བའི་ནང་རང་ཉིད་ཀྱི་ངལ་རྩོལ་གྱི་བརྒྱུད་རིམ་དང་ངལ་རྩོལ་ལ་གྲུབ་འབྲས་ཐོབ་པའི་བསམ་པའི་སྤྲོ་སྣང་གླུ་གར་ནང་མཚོན་པར་བྱས་ཏེ། རང་ཉིད་ཀྱི་ཡིད་དུ་འོངས་བའི་འཚོ་བར་དེ་བས་གདེང་འཇོག་བྱེད་པའི་རྣམ་པ་མཚོན་པར་བྱེད་པ་ཞིག་ཡིན། བྲོ་པ་གཞས་མ་དེ་ཡང་མང་ཚོགས་ཀྱི་ཐོན་སྐྱེད་ཀྱི་ལག་ལེན་ལས་ཐོན་ཞིང་། མང་ཚོགས་ཚོས་ཤིན་ཏུ་དགའ་པོ་བྱ་བའི་དམངས་ཁྲོད་གླུ་གར་ཞིག་རེད། བྲོ་པ་གཞས་མ་དེ་གནའ་རབས་ཀྱི་སྒྱུ་རྩལ་གྲས་ཤིག་ཡིན་པ་གསལ་བཤད་བྱེད་ཆེད་ངས་གཤམ་དུ་ཕྱོགས་བཞིའི་ཐོག་ནས་ངོ་སྤྲོད་ཞུ་རྒྱུ་ཡིན།
༡ བྲོ་པ་གཞས་མའི་གཞས་ཚིག་དང་གཞུང་གི་ཐོག་ནས་བྲོ་པ་གཞས་མ་ནི་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན་པ་གསལ་བཤད་བྱེད་ཐུབ། ལྷོ་ཁ་ས་ཁུལ་དུ་བྲོ་པ་གཞས་མ་འཁྲབ་མཁན་གྱི་རྫོང་དགུ་ལ་བྲོ་པ་གཞས་མའི་འཁྲབ་སྟོན་རུ་ཁག་བཅུ་བཞི་ཡོད། བྲོ་པ་གཞས་མའི་གཞས་ཚིག་དང་གཞུང་ཧ་ལམ་མང་ཆེ་བ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ལྷོ་ཁ་གྲ་ནང་རྫོང་ཁོངས་བསམ་ཡས་དགོན་པའི་གཙུག་ལག་ཁང་གསར་སྐྲུན་གང་འདྲ་བྱས་པའི་བརྒྱུད་རིམ་གྱི་སྐོར་ཡིན། དཔེར་ན། ལྷོ་ཁ་གྲ་ནང་རྫོང་གྲེ་མོ་ཤང་གི་བྲོ་པ་གཞས་མའི་བྲོ་ཚིག་ནང་སློབ་དཔོན་པད་མས། རྒྱ་ནས། ཐང་ཤིང་ཞིག་དྲངས། ཐང་ཤིང་ཞིག་དྲངས་ཞེས་སོགས་འཁོད་ཡོད་པ་དང་། ད་དུང་ལྷོ་ཁ་ཟངས་རི་རྫོང་སྦ་སྣང་ཤང་བྲོ་པ་གཞས་མའི་གཞས་ཚིག་ནང་བསམ་ཡས་དགོན་པ་དེ་ལོ་འཁོར་བཅུ་གཉིས་ནང་ལོ་རེར་གསར་སྐྲུན་གང་འདྲ་བྱས་མིན་སྐོར་འཁོད་ཡོད་ཅིང་། གཞས་ཚིག་དེར་བསམ་ཡས་དཀར་ཆག་གི་གཞས་ཚིག་ཟེར་གྱི་ཡོད། བསམ་ཡས་དཀར་ཆག་ལ་ཁག་གཉིས་ཡོད་པ་སྟེ། དང་པོ་དེ་ནི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་སློབ་དཔོན་པད་མ་འབྱུང་གནས་ཀྱི་མཛད་གསུང་རྣམས་ཡིག་ཐོག་ཏུ་བཀོད་ དེ་ཡར་ཀླུང་ཤེལ་བྲག་གི་བྲག་ཕུག་ལ་གཏེར་དུ་སྦས་པ་དང་། རྗེས་སུ་གཏེར་སྟོན་ཨོ་རྒྱན་གླིང་པས་ཤེལ་བྲག་ནས་བཏོན་ཏེ་པར་སྐྲུན་དང་དར་སྤེལ་གནང་བ་དེ་རེད། དཀར་ཆག་གཉིས་པ་ནི་བོད་མེ་བྱི་ལོར་བསམ་ཡས་མེས་འཇིགས་རྗེས་བཤད་སྒྲ་བཀའ་བློན་དོན་གྲུབ་རྡོ་རྗེས་འགན་འཁུར་ཉམས་བཟོའི་སྐབས་སུ་བརྩམས་པ་དེ་རེད། བསམ་ཡས་ཀྱི་དཀར་ཆག་དང་པོ་གཉིས་པ་གཉིས་ཀའི་ནང་བསམ་ཡས་དགོན་པ་གསར་བཞེངས་བྱས་རྗེས་རབ་གནས་དགའ་སྟོན་སྐབས་བྲོ་འཁྲབ་པའི་སྐོར་འཁོད་འདུག ལྷག་པར་དུ་རྒྱ་ཚ་རྫོང་བཀྲལ་ཤང་གི་བྲོ་པ་གཞས་མའི་གཞུང་ནང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་དགོན་པ་བཞེངས་སྐབས། རྒྱ་ནས་སློབ་དཔོན་པད་མ་གདན་འདྲེན་ཞུས་ཞེས་འཁོད་ཡོད་ལ། འཁྲབ་གཞུང་དེའི་ནང་ད་དུང་སྐབས་དེ་དུས་བོད་ཀྱི་གཉལ་ས་ཁུལ་གྱི་བྲོ་གཞས་པ་དང་། གཙང་གི་བྲོ་གཞས་པ། བྱང་གི་བྲོ་གཞས་པ། ཁམས་ཀྱི་བྲོ་གཞས་པ། ཀོང་པོའི་བྲོ་གཞས་པ་བཅས་གདན་དྲངས་པར་མ་ཟད། ལྷག་པར་དུ་ཡུལ་སྐྱིད་དྭགས་སྟོད་བཀྲལ་ཟེར་བའི་ལུང་པའི་བྲོ་གཞས་པ(དེ་ནི་ལྷོ་ཁ་རྒྱ་ཚ་རྫོང་བཀྲལ་ཤང་བྲོ་གཞས་རུ་ ཁག་ཡིན)གདན་དྲངས་པ་རེད་"ཅེས་འཁོད་ཡོད། དེའི་ཐོག་ནས་བསམ་ཡས་དགོན་པ་འཛུགས་སྐྲུན་བྱེད་སྐབས་བྲོ་པ་གཞས་མའི་གླུ་གར་གྱི་སྒྱུ་རྩལ་དེ་བོད་ཀྱི་ས་ཆ་མང་པོར་ཁྱབ་གདལ་ཆེན་པོ་བྱུང་ཟིན་པ་གསལ་བཤད་བྱེད་ཐུབ་ལ། ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་སྔོན་བསམ་ཡས་དགོན་པ་གསར་བཞེངས་ཀྱི་རབ་གནས་དགའ་སྟོན་སྐབས་བྲོ་པ་གཞས་མའི་རུ་ཁག་སྣེ་ཁ་མང་པོ་དེ་ཙམ་འཛོམས་ཐུབ་པ་དེའི་ཐོག་ནས་ཀྱང་སྐབས་དེར་བྲོ་པ་གཞས་མ་དར་ཁྱབ་ཆེན་པོ་ཡོད་པ་ངོ་སྤྲོད་བྱེད་ཐུབ།
༢ བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་སྦ་གསལ་སྣང་གིས་བརྩམས་པའི 《 སྦ་བཞེད》ཅེས་པའི་ནང་ལ་ཡང་བྲོ་གཞས་དེའི་ལོ་རྒྱུས་འཁོད་ཡོད་པ་སྟེ། 《 སྦ་བཞེད》ནང་བསམ་ཡས་དགོན་པ་བཞེངས་ཚར་རྗེས་རྟེན་འབྲེལ་གྱི་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་ཏེ། རྒྱལ་པོས་གསེར་ཕྱེ་གཞོང་པ་གང་ཡོན་དུ་ཕུལ། ཞལ་བསྲོ་བར་པའི་དུས་སུ་ལྟད་མོ་བ་ལ་འཚལ་བ་སྔར་བཞིན་འཚལ། རྗེས་ལ་ལྟད་མོ་ཆེ་ཐང་རེ་བྱེད། སྔོག་ཕ་ལ་བྱ་བས་རྔ་མོང་བདུན་ལ་ཞོན་རེས་བྱེད་ཅིང་བྱུང་། ལ་ལ་གུ་རུ་རྟ་རྒྱུག་པའི་སྟེང་ན་ཕར་ལ་རལ་གྲིའི་སྒོ་འཕེན། ལ་ལ་མི་ཉིས་བརྩེཊ་ཀྱིས་འཕན་འཕྱར་བ་ལ་སོགས་པའི་ལྟད་མོ་བར་པའི་བྱས་ལུགས་ཀྱང་འཁོར་སའི་སྒོ་རྒྱབ་ན་བྲིས་ནས་ཡོད་དོ།། ལྗང་དགའ་བོ་བྱ་བས་སེང་ལྡེང་གི་གདུང་མ་བཅུ་གསུམ་ཐོད་ལ་བཙུགས་ནས་དབུ་རྩེའི་ཐང་ལ་བརྒྱུགས་ནས་དབུ་རྩེའི་ལྷོ་སྒོའི་ཐེམ་ཁར་བོར། དེ་རེ་རེ་ཡང་མི་རེ་རེས་མི་ཐེགས། ཕོ་ཤིང་བཏགས་པ་མང་པོ་ཤིང་ཁ་ན་ཕར་རྒྱུག་པ་དང་ཤིང་རྩེ་ལ་སྒྱུ་མ་མཁན་གྱི་ལུས་ལ་མེ་ཆེན་འབར། ཐང་ཤིང་ལ་བྱིས་ཆུང་སྤྱང་མོ་ཉུག་པ་བྱུང་བ་ལྟད་མོ་མཐའ་མའི་བྱས་ལུགས་ཀྱང་ངོ་མཚར་བས་འཁོར་སའི་སྒོ་རྒྱབ་ན་བྲིས་ནས་ཡོད། དེའི་རྗེས་ལ་བཙན་པོས་བསིལ་ཁང་གི་མཚོ་ནང་དུ་པད་མའི་སྡོང་པོ་སྐྱེས་པའི་ཁར་བཞུགས་ནས་ཐུགས་དམ་གྱི་ལྷ་ཁང་འབྱོངས་པ་ལ་གཟིགས་ནས་ཤིན་ཏུ་དགྱེས་ཏེ། ངའི་དབུ་རྩེའི་རིགས་གསུམ(གཅིག་ཐོག་བོད་ལུགས། ཉིས་ཐོག་རྒྱ་ནག་ལུགས། སུམ་ཐོག་རྒྱ་གར་ལུགས།)བརྩེགས་པ་མི་འདྲ་སྐྱེས་པ་འདྲ་སྟེ་ང་རེ་དགའ། བྱ་བ་ལ་སོགས་པའི་དགའ་གླུ་བཅུ་གསུམ་མགུར་དུ་བཞེས་སོ། ། བློན་པོ་རྣམས་ཀྱང་སོ་སོའི་ང་རྒྱལ་རེའི་གླུ་བླངས་ཏེ། མཆིམས་ཀྱི་ང་ཆེ་རྒྱང་གྲགས་ལ་སོགས་པའོ། ། དེ་ལྟར་ལོ་བཅུ་གཉིས་ཀྱི་བར་དུ(བཤད་ཚུལ་ལྟར་ན་ལོ2-3ཙམ་ནང)སྐྱིད་ཀྱི་བྲོ་མོ་ཆེ་བརྡུངས། མི་རེས་གླུ་རེ་བླངས། རྟ་རེས་བང་རེ་རྒྱུགས། བྱ་རེས་སྐད་རེ་བཏོན། དུས་དེ་ཙམ་ན་བོད་ཀྱི་མངའ་ཐང་དར་བ་ལགས་སྐད། དེ་ཡང་དབུ་རྩེའི་སྒོ་རྒྱབ་བྱང་ངོས་ན་བྲིས་ནས་ཡོད་དོ། ། དུས་དེར་རྗེ་བློན་རྣམས་རྩེད་བྲོ་དང་། ལོངས་སྤྱོད་ལ་ཡེངས་པ་དང་། ......ཞེས་འཁོད་པའི་ཐོག་ནས་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བསམ་ཡས་དགོན་པ་བཞེངས་ཚར་རྗེས་རྟེན་འབྲེལ་གྱི་མཛད་སྒོའི་ཐོག་ལ་བྲོ་པ་གཞས་མ་འཁྲབ་མྱོང་བ་ཤེས་ཐུབ།
༣ བསམ་ཡས་དགོན་གྱི་ལྡེབས་རིས་ཐོག་ནས་བྲོ་པ་གཞས་མ་དེར་ལོ་རྒྱུས་ཡུན་རིང་ལྡན་ཡོད་པ་ངོ་སྤྲོད་བྱེད་ཐུབ། ད་ལྟ་ང་ཚོས་བསམ་ཡས་དགོན་པའི་ལྡེབས་རིས་ཐོག་སྐབས་དེ་དུས་དགོན་པ་གསར་བཞེངས་གྲུབ་རྗེས་བསམ་ཡས་མཚོ་མོའི་མགུར་ཟེར་བའི་ས་དེར་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་། སློབ་དཔོན་པད་མ། མཁན་ཆེན་བོ་ངྷི་སཏྭ་རྣམ་གསུམ་གྱིས་གུར་བརྒྱབ་ནས་རྩྭ་ཐང་ཐོག་བྲོ་པ་དང་གཞས་མ་འཁྲབ་མཁན་ལ་བལྟ་བའི་གསུགས་བརྙན་མཐོང་ཐུབ། ལྡེབས་རིས་དེའི་ཟུར་དུ་རྒྱལ་པོས་བསམ་ཡས་བཞེངས། རབ་གནས་བསྒྲུབས་ནས་མཚོ་མོའི་མགུར་དུ་མཁན་སློབ་ཆོས་གསུམ་ལོ་པཎ་ཐམས་ཅད་གདན་དྲངས། རྒྱལ་པོ་བཙུན་མོ་རྣམས་ཀྱང་རྒྱན་དང་བཅས་བཞུགས། ཆོས་བློན་གཙོ་བོ་ཐམས་ཅད་ཀྱིས་རྒྱལ་པོ་བཞུགས་པའི་མཐའ་བསྐོར། མངའ་འོག་སྐྱིད་པའི་འབངས་རྣམས་དགའ་བའི་གར་དང་སྐྱིད་པའི་བྲོ་བརྡུངས། མཁན་སློབ་ཆོས་གསུམ་ལོ་པཎ་ཐམས་ཅད་ཀྱིས་མི་རེས་གླུ་རེ་བླངས་ཞེས་འཁོད་ཡོད། ལོ་རྒྱུས་ཀྱི་ལྡེབས་རིས་དེ་ཚོའི་ཐོག་ནས་སྐབས་དེར་བསམ་ཡས་དགོན་པ་བཞེངས་ཚར་ནས་འཁྲབ་སྟོན་བྱེད་པའི་གཟུགས་བརྙན་ང་ཚོའི་མིག་ལམ་དུ་མངོན་ཐུབ་ལ། དེ་ལས་ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་སྔོན་དུ་བྲོ་པ་གཞས་མ་ཞེས་པ་འདི་བཞིན་རྟེན་འབྲེལ་དང་སྤྲོ་སྣང་མཚོན་པའི་ཞབས་བྲོ་ཞིག་ཡིན་པ་ར་སྤྲོད་ཐུབ་ཀྱི་ཡོད་པ་རེད།
༤ ད་ལྟ་ལྷོ་ཁ་གྲ་ནང་རྫོང་གྲེ་མོ་ཤང་གི་བྲོ་པ་གཞས་མའི་འཁྲབ་ཆས་དང་ཕྱག་མཚན་ནི་དགོན་པའི་ལྡེབས་རིས་ཐོག་གི་བྲོ་པ་གཞས་མའི་འཁྲབ་ཆས་ཕྱག་མཚན་དང་གཅིག་པ་གཅིག་རྐྱང་རེད། དེས་ཀྱང་བྲོ་པ་གཞས་མ་དེ་འཁྲབ་ནས་རྒྱུན་རིང་ཕྱིན་ཡོད་ པ་དང་དེང་དུས་ཀྱི་བྲོ་པ་གཞས་མ་དེ་ལོ་ཆིག་སྟོང་གོང་གི་བོད་ཀྱི་བྲོ་པ་གཞས་མའི་རྨང་གཞིའི་ཐོག་འཕེལ་རྒྱས་བྱུང་བ་ཞིག་ཡིན་པ་གསལ་བཤད་བྱེད་ཐུབ།
     གོང་གསལ་ཕྱོགས་བཞིའི་ཐོག་ནས་བྲོ་པ་གཞས་མ་ནི་ལོ་ཆིག་སྟོང་གོང་ནས་ཁྱབ་གདལ་ཡོད་པའི་གནའ་རབས་ཀྱི་དམངས་ཁྲོད་གླུ་གར་ཞིག་ཡིན་པ་གསལ་བཤད་བྱེད་ཐུབ།
གཉིས་པ། དེ་སྔ་བྲོ་པ་གཞས་མའི་བྱེད་སྒོ་སྤེལ་སྟངས་སྐོར།
     དེ་སྔ་ལྷོ་ཁ་ས་ཁུལ་གྱི་བྲོ་པ་གཞས་མའི་བྱེད་སྒོ་སྤེལ་སྟངས་སྐོར་ཞུས་ན། སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བསམ་ཡས་དགོན་པ་གསར་བཞེངས་དང་། རྗེས་སུ་དུས་རབས་མི་འདྲ་བ་སོ་སོར་དགོན་པ་ཉམས་གསོ་བྱེད་པ་དང་། ལྷ་སར་རྟེན་འབྲེལ་ཆེན་པོའི་སེར་སྦྲེངས་སྐབས་སྔོན་ལ་བྲོ་པ་གཞས་མ་དོན་གྱི་ཡོད་པ་དང་། དེ་མིན་ལུང་པ་ཁག་གི་དཔོན་པོ་གསར་པ་བསྐོ་བཞག་བྱེད་སྐབས་སུ་ཡང་བྲོ་པ་གཞས་མ་འཁྲབ་ཀྱི་ཡོད། དཔེར་ན། ལྷོ་ཁ་འཕྱོངས་རྒྱས་རྫོང་བཅིངས་འགྲོལ་ཤང་བྲོ་པ་གཞས་མའི་རུ་ཁག་གིས་ སྔོན་མ་རྫོང་དཔོན་གསར་པ་བསྐོ་བཞག་བྱེད་དུས་བྲོ་གཞས་འཁྲབ་དགོས་པ་དང་། ཡང་ལྷོ་ཁ་ཆུ་གསུམ་རྫོང(ལྷ་རྒྱ་རི་རྫོང)སྦ་སྣང་ཤང་བྲོ་པ་གཞས་མའི་རུ་ཁག་གིས་སྤྱི་ཚོཌ་རྙིང་པའི་སྐབས་ལྷ་རྒྱ་རིའི་ཁྲི་ཆེན་གསར་པ་བསྐོ་དུས་ཉིན་བདུན་རིང་བྲོ་གཞས་འཁྲབ་དགོས་ཀྱི་ཡོད་པ་རེད། དེ་བཞིན་ལྷོ་ཁ་གྲ་ནང་རྫོང་གྲེ་མོ་ཤང་བྲོ་པ་གཞས་མའི་རུ་ཁག་ གིས་ལྷོ་སྤྱི་དང་སྐབས་མཚུངས་བསམ་ཡས་དགོན་པར་བྲོ་གཞས་ཀྱི་ཁྲལ་རྒྱུག་དགོས་ཀྱི་ཡོད་པ་རེད། དེང་སྐབས་ཀྱི་བསམ་ཡས་དགོན་པའི་དཀོན་གཉེར་ཤཱཀྱ་སེང་གེ་ལགས་ཀྱིས་ངོ་སྤྲོད་གནང་གསལ་ལྟར་ན། བོད་རང་བྱུང་བཅུ་དྲུག་གི་ལོ་འགོ་བཅུ་པར(སྤྱི་ལོའི་དུས་རབས་ཉི་ཤུའི་ནང)རྭ་སྒྲེང་གིས་བསམ་ཡས་གཙུག་ལག་ཁང་ཉམས་གསོ་དང་། ཁམས་གསུམ་ཟངས་ཁང་གླིང་གསར་དུ་བརྒྱབ་སྟེ། ཐེངས་འདིའི་ལས་ཀ་ཚར་སྐབས་བསམ་ཡས་ལ་རྟེན་འབྲེལ་གྱི་མཛད་སྒོ་ཆེན་པོ་ཞིག་ཚུགས་ཤིང་། རྟེན་འབྲེལ་གྱི་ཉིན་མོར་ལྷོ་ཁའི་རྫོང་ཁག་བཅོ་བརྒྱད་ཀྱི་བྲོ་པ་གཞས་མའི་རུ་ཁག་གིས་བྲོ་གཞས་འཁྲབ་སྟོན་བྱས་པ་ཡིན་འདུག་ལ། ཉིན་དེར་སྣེ་གདོང་བྲོ་པ་བཅུ། བཀྲ་ཤིས་སྤུན་བདུན་པ། བསམ་ཡས་བྲོ་པ་བདུན། བཀྲ་ཤིས་ཞོལ་པ། རྡོའི་བྲོ་པ་དགུ་རྒྱ་རིའི་བྲོ་པ་དགུ གྲ་ནང་བྲོ་པ་བཅུ། རབས་ཡངས་སྤུན་བདུན་པ། འོན་གྱི་བྲོ་པ་ལྔ་། འཕྱོངས་རྒྱས་ཀྱི་ཕོ་གཞས་ལྔ་དང་མོ་གཞས་གསུམ། སྣེ་གདོང་གི་ཕོ་གཞས་བདུན་དང་མོ་གཞས་ལྔ་། བསམ་ཡས་ཀྱི་ཕོ་གཞས་ལྔ་དང་མོ་གཞས་གསུམ། རྒྱ་རིའི་ཕོ་གཞས་ལྔ་དང་མོ་གཞས་གསུམ། གྲ་ནང་གི་ཕོ་གཞས་བདུན་དང་མོ་གཞས་ལྔ། འོན་གྱི་ཕོ་གཞས་ལྔ་དང་མོ་གཞས་གསུམ། གྲ་ཕྱིའི་ཕོ་གཞས་ལྔ་དང་མོ་གཞས་ལྔ་མོ་གཞས་གསུམ་བཅས་ཉིན་དེའི་རྟེན་འབྲེལ་གྱི་བྱེད་སྒོར་སླེབས་ཡོད་ཅེས་ཁམས་གསུམ་ཟངས་ཁང་གླིང་གི་ལྡེབས་རིས་ཐོག་ཏུ་ཡི་གེར་འཁོད་ཡོད་པར་མ་ཟད། ལྡེབས་རིས་ཐོག་ཏུ་གོང་གི་བྲོ་པ་གཞས་མ་རྣམས་འཁྲབ་བཞིན་པ་ཡང་ད་ལྟ་མཐོང་རྒྱུ་ཡོད།།
གསུམ་པ། བཅིངས་འགྲོལ་ཐོབ་རྗེས་བྲོ་པ་གཞས་མའི་བྱེད་སྒོ་སྤེལ་སྟངས་དང་འཕེལ་རྒྱས་བྱུང་ཚུལ་སྐོར།
     བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་སྤྱི་ལོ༡༩༥༨ལོར་ལྷ་ཁར་ཐེངས་དང་པོ་རླངས་འཁོར་ཤར་གཏོང་ཐུབ་པའི་རྟེན་འབྲེལ་གྱི་སྐབས་སུ་གྲ་ནང་རྫོང་གྲེ་མོ་ཀུང་ཧྲེའི་བྲོ་པས་ཆེད་མངགས་གཞས་ཚིག་གསར་པ་བརྩམས་པ་སྟེ། ཕྱི་ལ་ལྕགས་རི་བསྐོར་ཡོད།། ལྕགས་རི་ལྕང་མས་བསྐོར་ཡོད།། ནང་ལ་ནོར་བུ་བཞུགས་ཡོད།། མི་དམངས་སྲིད་གཞུང་བཞུགས་ཡོད།། ལྕང་གླིང་ཟང་ཟིང་དཀྱིལ་ནས།། བཅིངས་འགྲོལ་དམག་མི་མཇལ་བྱུང་།། བཀྲ་ཤིས་མོ་ཊའི་ནང་ནས།། མའོ་ཀྲུའུ་ཞི་མཇལ་བྱུང་།། ཤར་ཕྱོགས་སྤྲིན་བཟང་དཀར་པོ།། འཇམ་པོའི་བལ་ལ་འགྱུར་ན།། སྣམ་བུ་སྤུ་ཕྲུག་བཏགས་ནས།། བཅིངས་འགྲོལ་དམག་ལ་ཕུལ་ཆོག།ཅེས་བྲོ་འཁྲབ་བཞིན་རྟེན་འབྲེལ་ཞུས་ཏེ་བོད་ཀྱི་ངལ་རྩོམ་མི་དམངས་ཀྱིས་ཏང་ཀྲུང་དབྱང་དང་མི་དམངས་བཅིངས་འགྲོལ་དམག་ལ་བཅངས་པའི་བརྩེ་དུང་མཚོན་པར་བྱེད་ཅིང་། ལྷག་དོན་དམངས་གཙོའི་བཅོས་སྒྱུར་སྐབས་ས་གནས་ཁག་གི་བྲོ་གཞས་རུ་ཁག་གིས་གླུ་བཏང་བ་དང་བྲོ་བརྡུངས་ནས་བོད་ཀྱི་ངལ་རྩོལ་མི་དམངས་ལ་དངོས་འབྲེལ་རང་ཁྱིམ་རང་བདག་དང་ཡར་ལངས་བཅིངས་འགྲོལ་ཐོབ་པར་དགའ་སྟོན་ཞུས་ཡོད། དེ་བཞིན་བཅིངས་འགྲོལ་ཐོབ་རྗེས་ངལ་རྩོལ་མི་དམངས་ཀྱིས་བྲོ་གཞས་བདེ་སྤྱད་དེ་ཚོང་འདུས་དང་། ལོ་གསར། འོང་སྐོར་སོགས་ལ་བྲོ་གཞས་འཁྲབ་རྒྱུ་རྒྱུན་མི་ཆད། འོན་ཏེ་རིག་གནས་གསར་བརྗེ་ཆེན་པོའི་གཡོན་ཐལ་ལམ་ཕྱོགས་ཀྱི་གནོད་སྐྱོན་འོག་བྲོ་གཞས་དེ་རྙིང་བཞིའི་ཁོངས་སུ་བརྩིས་ནས་རིག་རྩལ་གྱི་གར་སྟེགས་ཐོག་ལོ་བཅུའི་རིང་ཐོན་ཐུབ་མེད་པ་རེད། འོན་ཀྱང་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ་དང་། མི་རིགས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་ནི་མི་དམངས་ཀྱི་བསམ་བློའི་ནང་ནུབ་འགྲོ་བ་ཧ་ཅང་ཁག་པོ་ཡིན་པས། རླབས་ཆེན་ཏང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་ནས་བཟུང་དཔྱིད་ཀྱི་མྱུ་གུ་རྒྱས་པ་ལྟར་བྲོ་གཞས་དེ་མང་ཚོགས་རང་བཞིན་ལྡན་པའི་ཧུར་བརྩོན་དང་། འབྲེལ་ཡོད་ཚན་པའི་རོགས་རམ་སྒྲིག་འཛུགས་འོག་ལྷོ་ཁའི་ས་ཆ་མང་ཆེ་བར་བསྐྱར་གསོ་དང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དཔེར་ན། གྲ་ནང་རྫོང་གྲེ་མོ་བྲོ་པ་རུ་ཁག སྣེ་གདོང་རྫོང་རྡོ་ཕོ་བྲང་བྲོ་པ་རུ་ཁག ཟངས་རི་རྫོང་སྦ་སྣང་བྲོ་པ་རུ་ཁག འཕྱོངས་རྒྱས་རྫོང་ཡར་ལངས་ཤང་བྲོ་པ་རུ་ཁག གྲ་ནང་རྫོང་ཟུང་མཁར་བྲོ་པ་རུ་ཁག གྲ་ནང་རྫོང་ཞོ་རའི་བྲོ་པ་རུ་ཁག ཆུ་གསུམ་རྫོང་རྒྱལ་ཐང་ཤང་བྲོ་པ་རུ་ཁག ཆུ་གསུམ་རྫོང་མཆོངས་ཟླ་རྒྱང་བྲོ་པ་རུ་ཁག སྣ་དཀར་རྩེ་རྫོང་ཁ་རག་བྲོ་པ་རུ་ཁག གྲ་ནང་རྫོང་སྨིན་གྲོལ་གླིང་ཤང་བྲོ་པ་རུ་ཁག གོང་དཀར་རྫོང་རྣམ་རྒྱལ་ཞོལ་ཆུས་ཀྱི་བྲོ་པ་རུ་ཁག རྒྱ་ཚ་རྫོང་བཀྲལ་བྲོ་པ་རུ་ཁག ལྷ་བྲག་རྫོང་སྲས་ཆུས་བྲོ་པ་རུ་ཁག་སྣེ་གདོང་རྫོང་ཧ་ལོ་སྒང་བྲོ་པ་རུ་ཁག་བཅས་བསྐྱར་གསོ་བྱས་ཡོད་པར་མ་ཟད། ས་གནས་ཀྱི་རྫོང་ཆུས། ཤང་བཅས་ཀྱི་ཐུགས་ཁུར་འོག་བྲོ་པའི་དགེ་རྒན་རྒན་གྲས་ཀྱིས་སློབ་ཁྲིད་བྱས་ཏེ་ན་གཞོན་བྲོ་གཞས་པ་མི་ཉུང་བ་ ཞིག་འཚར་ལོངས་ཡོང་བཞིན་ཡོད། དེང་སང་ལྷོ་ཁའི་ས་ཆ་ཁག་གི་བྲོ་པ་གཞས་མའི་རུ་ཁག་གི་རུ་མིའི་གཞི་ཁུངས་ཁག་གཉིས་ཙམ་ཡོད་པ་སྟེ། རུ་ཁག་གཅིག་ནང་བྲོ་པ་རྒན་ གྲས་ཕྱེད་ཙམ་དང་ན་གཞོན་བྲོ་པ་ཕྱེད་ཙམ་ཡིན་པ་དང་། རུ་ཁག་གཅིག་གི་ནང་ཚང་མ་ན་གཞོན་བྲོ་པ་ཞེ་གཅིག་རེད།
     བྲོ་པ་གཞས་མའི་རུ་ཁག་དེ་རྒྱ་ཆེའི་ལྷོ་ཁའི་སོ་ནམ་གྲོང་ཚོའི་མང་ཚོགས་ཚོས་ལོ་ལེགས་བྱུང་བ་སོགས་ལ་རྟེན་འབྲེལ་བྱེད་པའི་སྤྲོ་སྣང་མཚོན་ཐུབ་པའི་རིག་རྩལ་རྣམ་གྲངས་ཤིག་ཆགས་ཡོད། དེ་ཡང་ཆེད་ལས་རིག་རྩལ་ཚོགས་པའི་བཅོས་བསྒྱུར་འོག་རིག་རྩལ་དེ་སྐྱེས་སྟོབས་ཀྱི་དཔལ་འབར་བ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་དེ། དཔེར་ན། ལྷོ་ཁ་ས་ཁུལ་རིག་རྩལ་ཚོགས་པས་གསར་རྩོམ་བྱས་པའི《འོང་སྐོར་དུས་ཆེན》ཞེས་པའི་ཞབས་བྲོའི་ནང་མཐོ་རླབས་ཆེ་སར་སླེབས་དུས་བྲོ་གཞས་བེད་སྤྱོད་བྱས་ཡོད་པ་དེས་ཚ་ཚ་འུར་འུར་དང་འཁྲུག་ཆ་ཆེ་བའི་འོང་སྐོར་གྱི་རྣམ་པ་གསལ་པོར་མངོན་ཐུབ་པ་བྱུང་ཡོད།
     བྲོ་པ་གཞས་མ་དེ་ཡངས་ཤིང་རྒྱ་ཆེ་བའི་ལྷོ་ཁའི་གར་སྟེགས་ཐོག་འཁྲབ་བཞིན་ཡོད་པ་དང་། རང་སྐྱོང་ལྗོངས་ཆེད་ལས་རིག་རྩལ་སྐོང་ཚོགས་ཐོག་དང་པེ་ཅིང་དུ་འཁྲབ་མྱོང་བར་མ་ཟད།《འོང་སྐོར་དུས་ཆེན》ཞེས་པའི་ལེའུ་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་རིག་གནས་པུའུ་ཡི་བྱ་དགའ་རིམ་པ་གསུམ་པ་ཐོབ་མྱོང་ཡོད།
བཞི་པ། བྲོ་པ་གཞས་མའི་མི་སྣ་དང་འཁྲབ་ཆས་ཕྱག་མཚན་སོགས་ཀྱི་སྐོར།
གཅིག བྲོ་པ་གཞས་མའི་མི་གྲངས་དང་མི་སྣ། མི་སྣ་སོ་སོའི་རྟགས།
༡ བྲོ་པ་གཞས་མའི་མི་གྲངས་ནི་སྤྱིར་ན་བྲོ་དཔོན་གཉིས་དང་། བྲོ་པ་བཅུ། ཨ་ར་བ་གཉིས་བཅས་ཁྱོན་བསྡོམས་བྲོ་འཁྲབ་མཁན་བཅུ་བཞི་ལས་གྲུབ་ཅིང་། ལུང་པ་སོ་སོའི་བྲོ་པ་དང་ཕོ་གཞས་མོ་གཞས་ཀྱི་མི་གྲངས་གཅིག་གྱུར་མིན་ཡང་། བསམ་ཡས་དགོན་པའི་ལྡེབས་རིས་ཐོག་ཏུ་མང་ཆེ་བ་ནི་ཕོ་གཞས་ལྔ་དང་མོ་གཞས་གསུམ་ཡིན་འདུག
༢ ཨ་ར་བ་ཟེར་བའི་མི་གཉིས་པོས་གཙོ་བོ་བྲོའི་གཞུང་དང་ལེའུ་ཤོད་དགོས་ལ།  འཁྲབ་དུས་རུའི་སྣེ་ཁྲིད་པའམ་སྐབས་རེ་རུའི་དཀྱིལ་ལ་ཐོན་པ་དང་། སྐབས་རེ་རུའི་ནང་ཕར་ཚུར་ཡར་མར་འཛུལ་ཏེ་འཁྲབ་ཀྱི་ཡོད། དེ་ཡང་བྲོ་གཞས་མ་འཁྲབ་པའི་སྔོན་ལ་ཨ་ར་བས་ལག་གཡས་ཀྱི་མཐེ་བོང་ལ་གོན་པའི་བ་སོའི་ཤ་ཀྲད་དེ་ལག་གཡོན་ལ་འཁྱེར་བའི་དབྱུག་པར(གཞུའི་དབྱིབས་དང་འདྲ)བརྡབས་ནས་བྲོ་གཞས་འགོ་ཚུགས་པའི་བརྡ་སྤྲོད་པ་དང་འབྲེལ་བྲོ་རུའི་དཀྱིལ་ནས་སོའོ......ཡ་ལ......ཟེར་བ་དང་། དེ་ནས་བྲོ་འཁྲབ་འགོ་ཚུགས་ཀྱི་ཡོད་པ་རེད། དེ་མིན་བྲོ་མགྱོགས་པོ་འཁྲབ་པ་དང་། དལ་པོ་འཁྲབ་པ། བྲོ་ཐག་གཅོད་པ་སོགས་ཀྱི་ཚོད་འཛིན་བྱེད་མཁན་ནི་ཨ་ར་བ་གཉིས་པོ་ཡིན།
༣ བྲོ་གཞས་ལ་བྲོ་དཔོན་གཉིས་ཡོད་ཅིང་བྲོ་དཔོན་དང་པོས་བྲོ་པ་མི་ལྔའི་སྣེ་ཁྲིད་པ་དང་། བྲོ་དཔོན་གཉིས་པས་ཀྱང་བྲོ་པ་མི་ལྔའི་སྣེ་ཁྲིད་དགོས། དེར་བརྟེན་འཁྲབ་རྭའི་ཐོག་ཏུ་བྲོ་འཁྲབ་མཁན་ཚོ་ཆུང་ཁག་གཉིས་ཆགས་པ་དང་བྲོ་པ་དམངས་ཀྱིས་རང་ཉིད་ཀྱི་བྲོ་དཔོན་གྱིས་གང་ཁྲིད་སར་བྲོ་འཁྲབ་བཞིན་དུ་འགྲོ་དགོས། བྲོ་པ་ཚོས་བྲོ་འཁྲུག་པོ་འཁྲབ་དུས་སྔོན་ལ་བྲོ་དཔོན་ཁེར་རྐྱང་གིས་མགོ་བོའི་སྐྲ་གཞུག་སྟོང་སྐུད་གསུམ་སྦྲེལ་དེ་དབྱུགས་ཏེ་རྔ་དྲུག་རེ་བྱས་པ་ཐེངས་གསུམ་བརྡུངས་རྗེས(རྡུང་སྟངས་དེར་ཀོང་ཕྲུག་གི་རྔ་ཟེར)བྲོ་པ་དམངས་ཀྱིས་ཀྱང་རྔ་དྲུག་རེ་བྱས་པ་ཐེངས་གསུམ་བརྡུང་དགོས།།
༤ ཕོ་གཞས་མོ་གཞས་རྣམས་ཀྱིས་སྤྱིར་བཏང་བྱས་ན་རང་སར་ལངས་ཏེ་གཞས་གཏོང་བ་དང་། གཞས་བཏང་ཚར་རྗེས་གསུམ་རྒྱག་གམ་ཁ་ནས་ཁ་ཚིག་ཤོད་བཞིན་དུ་ཁ་ཚིག་དང་འདྲ་བའི་ཞབས་བྲོ་ཡང་རྒྱག་གི་ཡོད། གཞས་པ་གཞས་མས་རང་སར་ལངས་ཏེ་གླུ་གཏོང་དུས་ཨ་ར་བས་ལག་པའི་མཐེ་བོང་གཉིས་ཀྱི་བ་སོའི་ཤ་ཀྲད་ལ་གཉིས་གཞུས(བྲང་ཁོག་མདུན་ལ་ལག་གཉིས་ཀྱི་སྦར་མཐིལ་ཁ་སྤྲོད་བྱས་ཏེ་ལག་གཡས་པས་གཡོན་མའི་སྒང་ནས་ཤ་ཀྲད་ཐེངས་གཉིས་བརྡུང་བ་དང་། ཡང་ལག་གཡོན་མས་གཡས་པའི་ཤ་ཀྲད་བརྡུང་དགོས)ནས་ལག་ཚིག་གཉིས་ནང་ནས་ཕྱི་ལ་སྐོར་བ་བརྒྱབ་སྟེ་ལུས་གཡས་གཡོན་ལ་བརྐྱང་དགོས་། སྤྱིར་ན་བྲོ་པ་གཞས་མར་ཕོ་མོ་གཉིས་ཀ་ཡོད་ལ། མོ་གཞས་རྐྱང་རྐྱང་ཡང་ཡོད། འོན་ཏེ་འཕྱོངས་རྒྱས་རྫོང་ཡར་ལངས་ཀུང་ཧྲེའི་བྲོ་པ་གཞས་མ་འཁྲབ་མཁན་ནི་ཕོ་གཞས་རྐྱང་རྐྱང་ཡིན་པར་མ་ཟད། གཞས་པའི་ཆས་ཀྱང་གཞན་དང་མི་འདྲ་བ་སྟེ་མི་རེས་རྒྱ་དཀར་པོ་བཙུགས་པའི་འབག་དཀར་པོ་རེ་མགོ་ལ་གྱོན་གྱི་ཡོད།
གཉིས། འཁྲབ་ཆས་ཕྱག་མཚན་གྱི་སྐོར།
༡ བྲོ་པའི་ཕྱག་མཚན། བྲོ་པའི་རྔའི་པགས་པའི་ངོས་གཅིག་ལ་མེ་ཏོག་པད་མའི་རི་མོ་བྲིས་ཡོད། རྔ་ཡི་ཆེ་ཆུང་གི་ཚད་གཞི་ནི་ཚངས་ཕྱེད་ཐིག་ལ་ཚོན་ཉི་ཤུ་ཡོད་པ་དང་། རྔའི་མཐའ་འཁོར་ལ་མེ་ཏོག་སྣ་ཚོགས་བྲིས་ཡོད། རྔ་ཤིང་གི་ལྡེབས་ལ་ལྕགས་ཀྱི་ཨ་ལོང་གཉིས་བསྒར་ཡོད་ཅིང་། ཐོད་དུ་མཐོ་ཙམ་ཡོད་པའི་ཨ་ལོང་གི་ཐག་པ་སྐེད་པར་འདོགས་པ་དང་། འོག་ཏུ་དམའ་ཙམ་ཡོད་པའི་ཨ་ལོང་གི་ཐག་པ་རྐང་པ་གཡོན་མའི་བརླ་ཤར་འདོགས་ཀྱི་ཡོད། གཞན་ཡང་སྦ་ལས་གྲུབ་པའི་རྔ་གཡོག་གཉིས་ཡོད་ཅིང་རྔ་གཡོག་གི་ལག་འཆང་སའི་འོག་ཏུ་རྒོད་སྤུས་བརྒྱན་ཡོད།
༢ བྲོ་པའི་འཁྲབ་ཆས། བྲོ་པའི་ཞྭ་མོའི་མིང་ལ་ཨ་སི་སྤ་རེ་ཟེར་ཞིང་ཁོག་མའི་བཀྱག་གི་བཟོ་དབྱིབས་དང་འདྲ། བྲོ་པའི་མགོ་བོའི་སྐྲ་ནི་ལྕང་ལོ་དང་། དེར་སྟོང་སྐུད་དམར་པོའི་སྐྲ་གཞུག་བསྒར་ཡོད་པ་དང་། རྣ་ལྕོག་གཡས་ལ་གཡུ་དང་རྣ་ལྕོག་གཡོན་ལ་སོག་བྱིལ་བཏགས་ཡོད། བྲོ་པས་འོག་ཏུ་འོག་འཇུག་དཀར་པོ་གྱོན་པ་དང་། དེའི་སྟེང་འོག་འཇུག་དམར་པོ་བརྩེགས་ནས་སྐེད་འཆིང་བཏགས་ཡོད་ཅིང་སྐེད་འཆིང་གི་དབྱིབས་ནི་ཕྲུ་གུའི་ཝ་ཁེབས་དང་འདྲ། སྟོད་ལ་གོས་ཆེན་སྔོ་ནག་གི་སྟོད་གོས་ཤིག་གྱོན་ཏེ། དེའི་གོང་པར་དམར་སེར་ལྗང་གསུམ་གྱི་འཇའ་བསྒྲིགས་ཡོད་པ་དང་། ཕུ་ཐུང་གི་སྣེ་ལའང་འཇའ་གསུམ་བསྒྲིགས་ཡོད་ཅིང་སྒལ་བའི་སྟེང་དུ་ས་སེར་པོ་དང་། ཆུ་ལྗང་གུ། མེ་དམར་པོ། སྤྲིན་དཀར་པོ། གནམ་སྔོན་པོ་བཅས་མཚོན་བྱེད་དུ་ཁ་བཏགས་ཨ་ཤེ་ཚོན་སྣ་ལྔས་བརྒྱན་ཡོད། སྨད་ལ་འགའ་ཁྲ་ཁྲའི་སྨད་གཡོག་གྱོན་པ་དང་། དེའི་སྟེང་ལ་གྲྭ་པའི་ཤམ་ཐབས་ལྟར་གྱི་ཐེར་མ་ནག་པོའི་སྨད་གོས་ཤིག་གྱོན་ཏེ་དེར་ལྟེབ་ཚིགས་བཅོ་བརྒྱད་བརྒྱབ་ཡོད། རྐང་པར་སྒ་ལྷམ་ཞེས་པའི་གོ་མཐིལ་ཅན་གྱི་ལྷམ་རྩེ་གཉེས་འཇའ་བསྒྲིགས་པ་ཞིག་གྱོན་པ་དང་། ལྷམ་སྒྲོག་ལ་གཡིར་ཁ་རྒྱ་ཁྱི་ཁ་ཉི་ཤུ་ཙམ་བཏགས་ཡོད།
༣ བྲོ་དཔོན་གྱི་འཁྲབ་ཆས། བྲོ་དཔོན་གྱི་འཁྲབ་ཆས་ཀྱི་རྨང་གཞི་ནི་བྲོ་པ་དང་གཅིག་མཚུངས་ཡིན་ཡང་མི་འདྲ་བ་ནི་བྲོ་དཔོན་གྱིས་རྒྱ་གྲི་ཕོར་ཤུབས་བཏགས་ཡོད།
༤ ཨ་ར་བའི་འཁྲབ་ཆས། ཨ་ར་བའི་འཁྲབ་ཆས་གཙོ་བོ་ནི་འགྲམ་པ་གཡས་གཡོན་གཉིས་པོར་ར་ལྤགས་དཀར་པོའི་རྒྱ་བཙུགས་པའི་འབག་ཅིག་གྱོན་ཡོད་པ་དང་། འབག་གི་རྣ་ལྕོག་གཡས་གཡོན་གཉིས་ལ་སྟོང་སྐུད་དམར་སེར་གྱི་སྟོང་ཆབ་བསྒར་ཡོད། ཨ་ར་བའི་ལག་པ་གཡོན་མར་དབྱུག་པ་ཟེར་བའི་གཞུ་ཞིག་འཁྱེར་ཡོད་པ་དེའི་རིང་ཚད་ལ་ཀུང་ཁྲེ་གཅིག་ལྷག་ཙམ་ཡོད་པ་དང་། མཐེ་བོང་ལ་བ་སོའི་ཤ་ཀྲད་ཅིག་གྱོན་ཡོད་ལ། ལྕང་ལོ་གསུམ་ལྷས་ཡོད་པ་དེར་ཡང་ལག་པའི་ཚིགས་གདུབ་བམ་བ་སོའི་ཤ་ཀྲད་གསུམ་བསྒར་ཡོད། གཞན་ཡང་གོས་ཆེན་རྒྱ་སྨུག་གིས་བཟོས་པའི་སྟོད་ཐུང་དང་། ནང་གྱོན་དཀར་པོའི་ཕུ་རིང་། སྣམ་བུ་དཀར་པོའི་ཕྱུ་པ། སྒ་ལྷམ་མམ་ལྷམ་ཤུལ་རྩི་ནག་པོ་གྱོན་ཅིང་། སྐེད་པ་གཡོན་ལ་འབྲལ་སྤང་གསུམ་བཏགས་ཡོད་པ་དང་། ལག་གཡོན་མར་བྱུ་རུའི་ཕྲེང་བ་གསུམ་སྐོར་གྱོན་ཡོད། ད་དུང་ལག་པར་བ་སོ་དང་གསེར་དངུལ་སོགས་ཀྱིས་བཟོས་པའི་ལག་སྐོར་གྱོན་ཡོད་པ་དང་། ལག་གཡོན་གྱི་སྲིན་མཛུབ་དང་དཀྱིལ་མཛུབ་གཉིས་སོ་སོར་སོར་གདུབ་རེ་གྱོན་ཡོད། དེ་མིན་ལུས་གཡས་ལ་མདའ་དང་རྒྱ་གྲི་ཕོར་ཤུབས་དང་། གཡོན་ལ་གཞུ་བཅས་གཏགས་ཡོད།
༥ གཞས་པའི་འཁྲབ་ཆས། གཞས་པའི་འཁྲབ་ཆས་དང་བྲོ་པའི་འཁྲབ་ཆས་ཀྱི་རྨང་གཞི་གཅིག་པ་ཡིན་ནའང་མི་འདྲ་བ་ནི་གཞས་པས་རྒྱ་གྲི་ཕོར་ཤུབས་བཏགས་ཡོད་པ་དང་། གྲི་ཤུབས་ལ་གཡུ་དང་བྱུ་རུའི་ཕྲ་བཏབ་པའི་དཔའ་དམ་འཕྲེད་དུ་བཏགས་ཡོད་པ་མ་ཟད། ད་དུང་ཕྲེང་བ་ནག་པོ་ཞིག་དཔུང་པ་གཡོན་མའི་སྟེང་ནས་གཡས་པའི་མཆན་འོག་ལ་འཕྲེད་དུ་བཏགས་ཡོད།།
༦ གཞས་མའི་འཁྲབ་ཆས། གཞས་མའི་འཁྲབ་ཆས་ནི་མགོ་ལ་སྤ་ཕྲུག་དང་། དེའི་སྟེང་ལ་མུ་ཏིག་ཐུག་ཁོག ལན་རྩེ་བཅས་གྱོན་ཡོད་པ་དང་། རྣ་བར་ཨེ་་ཀོར་དང་། གསེར་དངུལ་སྣ་ཚོགས་ཀྱི་གའུ་ཟུར་བརྒྱད་ལྔ་། སྐེ་ཕྲེང་རིང་པོ་ཁག་གསུམ་བཏགས་ཡོད། དེ་མིན་འོག་ལ(སྟེང་ལ་ཨ་ཅེ་ལྷ་མོའི་ཆས་ཀྱི་གོས་ཕུ་མེད་གྱོན)ཕུ་ཐུང་གི་སྣེར་ཚོན་མདོག་མི་འདྲ་བ་གསུམ་དང་གོང་པར་ཡང་ཚོན་མདོག་མི་འདྲ་བ་གསུམ་ཅན་གྱི་འོག་འཇུག་ཅིག་གྱོན་ཡོད་པ་དང་། རྐང་པར་ལྷམ་འཇའ་ཆེན་དང་། ལག་གཉིས་ཀྱི་མཁྲིག་མར་བྱུང་རུའི་འཕྲེང་བ་དང་། དེ་མིན་མཐེ་བོང་གཉིས་ཕུད་དེ་བྱིངས་ཀྱི་མཛུབ་མོ་བརྒྱད་ཚང་མར་ཚིགས་ཁེབས་རེ་གྱོན་གྱི་ཡོད།
གསུམ། གྲ་ནང་བྲོ་གཞས་ཀྱི་ལེའུ་བཅོ་བརྒྱད་ཀྱི་མིང་གཤམ་གསལ།
 ༡.ཀོང་ཕྲུག་གཞོན་པ། ༢.ཨ་ར་བས་གཞུང་དང་ལེའུ་བཤད། ༣.ས་བཅགས་རྡོ་བཏུལ་དང་ཨ་ར་བས་གཞུང་ངམ་ལེའུ་བཤད། ༤.པུས་འཛུགས་དང་ཨ་ར་བས་གཞུང་ངམ་ལེའུ་བཤད། ༥.སློབ་དཔོན་པད་མ་དང་ཨ་ར་བས་གཞུང་ངམ་ལེའུ་བཤད། ༦.འབྲོང་མགོ་རྭ་རྩེད་དང་ཨ་ར་བས་གཞུང་ངམ་ལེའུ་བཤད། ༧.རྟ་མ་གཅིག་སྦྱར་གཉིས་སྦྱར་དང་ཨ་ར་བས་གཞུང་ངམ་ལེའུ་བཤད། ༨.ཕོ་རོག་རྡོ་རྗེའི་འགྲོས་དང་ཨ་ར་བས་གཞུང་ངམ་ལེའུ་བཤད། ༩.རྒོད་པོའི་གཤོག་འགྱུར་དང་ཨ་ར་བས་གཞུང་ངམ་ལེའུ་བཤད། ༡༠.གླང་ཆེན་འཕྲེད་ཉལ་དང་ཨ་ར་བས་གཞུང་ངམ་ལེའུ་བཤད། ༡༡.དགུང་སངས་མཐོན་པོ་དང་ཨ་ར་བས་གཞུང་ངམ་ལེའུ་བཤད། ༡༢.རྒྱལ་མཚན་བཀྲ་ཤིས་དགུ་བརྩེགས་དང་ཨ་ར་བས་གཞུང་ངམ་ལེའུ་བཤད། ༡༣.ཤར་ཕྱོགས་རི་བོའི་རྩེ་ནས་དང་ཨ་ར་བས་གཞུང་དང་ལེའུ་བཤད། ༡༤.སེང་གེ་གཅིག་དཀར་མོས་དང་ཨ་ར་བས་གཞུང་དང་ལེའུ་བཤད། ༡༥.དགའ་ས་གཅིག་ནས་ཡོང་བས་དང་ཨ་ར་བས་གཞུང་དང་ལེའུ་བཤད། ༡༦.བཙན་བསྟན་ལྷ་མོ་དང་ཨ་ར་བས་གཞུང་ངམ་ལེའུ་བཤད། ༡༧.སྟག་དང་སེང་གི་འཛིང་དང་ཨ་ར་བས་གཞུང་ངམ་ལེའུ་བཤད། ༡༨.རྒྱལ་སྟོད་ཁྲོམ་ཟེར་ཁྲོམ་པའི་མིང་བཅས་སོ།།
བཞི། བྲོ་སྣ་གཅིག་ལ་འཁྲབ་སྟངས་ཀྱི་གོ་རིམ་ཁག་དགུ་ཡོད་པ་གཤམ་གསལ།
༡ འཁྲབ་རྭར་མ་ཐོན་གོང་ལ་རང་སར་རྔ་དགུ་ཙམ(རྔ་དལ་པོ་དང་གཞས་མེད)བརྡུང་དགོས།
༢ རྔ་གསུམ་རེ་རྡུང་བཞིན་དུ་ཐོན་ཡོང་དགོས(རྔ་གསུམ་རེ་བྱས་པ་ཐེངས་གསུམ་བརྡུང་དགོས་ཤིང་རྔ་དལ་པོ་དང་གཞས་མེད།)
༣ དལ་གཞས་གཏོང་བཞིན་དུ་རྔ་གསུམ་རེ་བརྡུངས་ནས་མུ་མཐུད་ཐོན་ཡོང་དགོས།
༤ སྒོར་མོ་ཆེན་པོ་ཞིག་ཆགས་རྗེས་ཚང་མའི་གདོང་སྒོར་མོའི་ནང་ལ་ཕྱོགས་ཏེ་རྔ་ཐེངས་གསུམ(རྔ་ཆག་ཟེར་ཞིང་རྔ་ཆག་རེར་རྔ་གསུམ་བརྡུང་གི་ཡོད)བརྡུང་དགོས། དེ་ནས་ཚང་མས་ཕྱིར་ཤིག་ཙམ་བྱེད་པ་དང་། ནང་ལ་རུབ་ཙམ་བྱེད་ཀྱི་ཡོད།
༥ བྲོ་དཔོན་གྱིས་ཀོང་ཕྲུག་ཟེར་བའི་འཁྲབ་སྟངས་ཐེངས་གསུམ་འཁྲབ་པ་དང་། འཁྲབ་སྟངས་རེར་རྔ་དྲུག་བརྡུང་དགོས།
༦ བྲོ་དཔོན་གྱིས་ཀོང་ཕྲུག་ཐེངས་གསུམ་འཁྲབ་དུས་ཨ་ར་བས་སོའི......ཡ་ལ་ཞེས་འབོད་པ་དང་། དེ་རྗེས་བྲོ་པ་དམངས་ཀྱིས་སླར་ཡང་ཀོང་ཕྲུག་ཐེངས་གསུམ་འཁྲབ་པ་དང་། འཁྲབ་སྟངས་རེར་རྔ་དྲུག་བརྡུང་གི་ཡོད།
༧ ཨ་ར་བས་ཕྱིར་གཤིབས་ཟེར་དུས་བྲོ་པ་ཚང་མས་ལེའུ་གང་བཤད་པ་ལྟར་འཁྲབ་སྟངས་བསྒྱུར་དགོས། འདིར་དོ་སྣང་བྱ་དགོས་པ་ཞིག་ལ། མ་གཞི་བྲོ་སྣ་བཅོ་བརྒྱད་ཡོད་ཀྱང(དེ་ཡང་བྲོ་སྣ་གཅིག་ནི་ཨ་ར་བས་གཞུང་ངམ་ལེའུ་བཤད་པ་དེར་བརྩིས་པ་ལས་བྲོ་སྣ་རང་བཅུ་བདུན་ཡིན)ཕྱིར་གཤིབས་ཞེས་པའི་སྐད་མ་བརྒྱབ་གོང་གི་འཁྲབ་སྟབས་ཀྱི་གོ་རིམ་ནི་བྲོ་སྣ་བཅུ་བདུན་ཚང་མ་གཅིག་པ་རེད། ཕྱིར་གཤིབས་ཞེས་པའི་སྐད་བརྒྱབ་རྗེས་བྲོ་སྣ་སོ་སོའི་འཁྲབ་སྟངས་མི་འདྲ།
༨ བྲོ་འཁྲབ་མཚམས་གཅོད་དུས་ཨ་ར་བས་སྤྱི་ཚོགས་རྙིང་པའི་ནང་དཀོན་མཆོག་ལ་ཕུལ། མཆོད་པ་གནམ་ལ་ཕུལ་ཞེས་སྐད་རྒྱག་པ་དང་། བཅིངས་འགྲོལ་ཐོབ་རྗེས་ཚིག་དེ་བསྒྱུར་བཅོས་བྱས་ཏེ་མི་དམངས་ལ་ཕུལ། གུང་ཁྲན་ཏང་ལ་ཕུལ་ཞེས་སྐད་རྒྱག་གི་ཡོད།
༩ ཨ་ར་བ་གཅིག་གིས་གཞུང(གཞུང་ནི་བསམ་ཡས་དགོན་པ་གསར་བཞེངས་བྱེད་པའི་སྐོར་རེད)དང་ལེའུ་ཤོད་ཀྱི་ཡོད། ལེའུ་ནི་གཞས་གདངས་ཀྱི་རྟ་ལ་བསྐྱོན་ཏེ་ད་ལྟ་འཁྲབ་པའི་བྲོ་ནི་ཀོང་ཕྲུག་གཞོན་པའི་བྲོ་ཡིན་ནོ།། ད་ལྟ་འབུལ་རྒྱུའི་བྲོ་ནི་ས་བཅགས་རྡོ་འདུལ་གྱི་བྲོ་ཡིན། ཕྱི་དགྲ་འདུལ་བཀྲ་ཤིས་གཟིགས་མོ་གཟིགས་པར་ཕེབས་ཨང་ཞེས་བཤད་ཚར་རྗེས། ཨ་ར་བ་གཞན་དེས་ལགས་སོ་ལགས་དང་ལགས་སོ་ཞེས་ལན་སློག་པ་དང་། དེ་རྗེས་བྲོ་གཞས་ལེའུ་གཉིས་པ་འཁྲབ་ཀྱི་ཡོད། གོང་གསལ་གནས་ཚུལ་ལྟར་ན། བྲོ་པ་གཞས་མའི་སྒྱུ་རྩལ་གྱི་རིགས་འདིའི་ཐོག་ནས་ཏང་གི་སྲིད་ཇུས་དོན་འཁྱོལ་བྱུང་བའི་རྗེས། བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་གཞག་ལ་འཕེལ་རྒྱས་གང་ལེགས་བྱུང་ཚུལ་རྟོགས་ཐུབ་བོ།།
 
·རྩོམ་ཡིག་གོང་མ:ཐུབ་ཆོག་བྱིན་རླབས་གཏེར་མཛོད་བཞུགས་སོ། །
·རྩོམ་ཡིག་འོག་མ:གཞས་ཚིག གངས་རིའི་བསུ་བ།།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 17:33:17 [来自: 112.5.236.197]

 评论者:xpainu
TQeNyz  <a href="http://vclganpuwjvb.com/">vclganpuwjvb</a>, [url=http://sfgrasttqpnu.com/]sfgrasttqpnu[/url], [link=http://cuxstnifflju.com/]cuxstnifflju[/link], http://vzbwfhytyzpu.com/
发表时间:2016/11/13 7:30:10 [来自: 46.161.9.32]

 评论者:5GG9KXGW
http://www.7663.net/html/mail/index.htm
http://www.1234h.com/youxiang43.html
http://www.baiwanzhan.com/site/t159413/
http://www.hao2345.com/htmls/youxiang/index.html
http://www.47751.com/siteinfo/92464
发表时间:2015/12/5 10:59:47 [来自: 111.144.227.221]

འབྲེལ་ཡོད་དཔྱད་བརྗོད 35 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།32.23MS