ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔེ་ཀློག
 རྩོམ་ཡིག་ཀློག་པ།

ནགས་ཚང་ཞི་ལུའི་སྐྱིད་སྡུག་ཅེས་པའི་དཔེ་དེབ་བཀླགས་པ།

  རྩོམ་པ་པོ:སྒྲེ་བོ།ཡོང་ཁུངས:མཚོ་སྔོན་པོ།གཟིགས་གྲངས:2413ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2014/6/20 16:48:22ཚོགས་ཡར་སྤྲོད:admin

    ནགས་ཚང་ཞི་ལུའི་སྐྱིད་སྡུག་ཅེས་པའི་དཔེ་དེབ་བཀླགས་པ།

                                                                                                     སྒྲེ་བོ། 
   དྲིན་ཆེན་སྐྱེད་མའི་ཞལ་ངོ་ཙམ་ཡང་དྲན་ལམ་དུ་མི་གསལ་བའི་ནགས་ཚང་ཞི་ལུའམ་ནགས་ཚང་ནུས་བློ་ནི།   རྨ་སྡེ་ཆུ་ཁ་མ་བྱ་བའི་འབྲོག་སྡེ་ཞིག་གི་ནང་ནས་ནགས་ཚང་ཚང་ཞེས་པའི་དུད་ཚང་ཕྱུག་པོ་ཞིག་གི་བུ་སྤུན་ཆུང་བར་སྐྱེས།  ཁོ་ནི་སྐྱོ་སྡུག་ལོ་ཟླ་འཕྲོ་འཕྲོར་འཐུད་དེ་ཁོ་ལག་རྒྱས་ཤིང་སྡུག་ཐོག་སྡུག་བཞག་གི་ལང་ཚོའི་འདབ་མས་འཁོར་ལོ་བསྐོར།  ཕྱིས་སུ་སྔ་འདང་ཕྱི་འགྱོད་བགྱིད་ནུས་པའི་ད་ཚོད་དུ།  ཨ་ནེ་རྟམ་ཁོས་ཁོ་ལ་དྲིན་ཅན་སྐྱེད་མའི་འདས་རྐྱེན་མ་ལུས་བཀྲལ་བར་བྱས།  འོན་ཏེ།  ཡོད་ཚད་འདས་ཟིན་པའི་གཞུག་ཏུ་ལས་དབང་ཟེར་བའི་ལྟ་བ་དག་སྣང་གི་སེམས་རྒྱ་འདིས།  ད་དུང་།  ནུས་བློ་དང་ནུས་བློ་ལྟ་བུའི་ལས་དབང་དང་གནས་བབ་གཅིག་པའི་མི་བུ་ཡོད་རྒུར།  སྔར་བཞིན་འཇིག་རྟེན་འཚོ་ཚིས་ཀྱི་ལམ་བུ་སྒུལ་སྐྱོམ་ཨེན་ཙམ་མེད་པར་གནས་མུས་བགྱིད། 

 འདི་ནི་སྐྱེད་མའི་བཀའ་དྲིན་གྱིས་བསྐྱེད་པས་འཇིག་རྟེན་འཚོ་བའི་བརྩེ་དུང་དང་རང་རང་ལས་ལ་བསྐོས་ལྟར་འཚོ་བའི་ཁ་དོག་སྣ་ལྡན་དུ་ཡིན་ངེས།  ནུས་བློའི་སེམས་གཏིང་དུ་རྟག་ཏུ་བག་ལ་འབྱར་བའི་སྙིང་སྟོབས་གཟུངས་འཛིན་གྱི་སྐད་ཆ་འདི་འདྲ་ཞིག་ཡོད་དེ།  བུ་རྒོད་པོའདི་ནི་ནུས་བློའི་ཨ་ཕ་དགྲ་འདུལ་གྱིས་གདམས་པའི་གསུངས་རབ་ཅིག་གོ   ནུས་བློ་སྟེས་དབང་འདྲ་མིན་དང་འཕྲད་ཐེངས་རེར་མིག་ཟུང་མཆི་མས་ཁེངས་ཤིང་ངུ་སྙིང་དྲགས་པོ་ཞིག་ལྷོག་ལྷོག་ཏུ་གདུ་ཡོང་དུས།  ཁོས་གདམ་པ་འདི་ཡིད་ལ་དྲན་ཞིང་སྔར་བཞིན་རང་ཉིད་ཀྱི་སེམས་རྩ་དམ་པོ་འཇུས་ཏེ་སེམས་ཁོང་ཡོངས་སུ་ཇེ་མཁྲེགས་ཇེ་དྲག་ཏུ་བསྒྱུར།  

རང་ཉིད་ཀྱི་འགྲོ་འཆག་ཉལ་འདུག་རང་གིས་གསོ་སྐྱོང་བགྱིད་དུས་ཨ་མ་བྲལ་བའི་གདུང་བ་ནི་སྔར་ལས་ཇེ་ཆེ་ཡིན།   དྭ་ཕྲུག་ཏུ་གྱུར་བའི་སེམས་གཅོང་སྐྱུར་མོ་རྟོགས་མཁན་ནི་ནམ་མཁའི་ཟླ་བ་གཅིག་པུར་གྱུར་བས།  ཟླ་བའི་འོད་འོག་ཏུ་ནུས་བློས་ཨ་མ་ལྷག་ཏུ་དྲན་བཞིན་ཡོད།  ཨ་མའི་བྱམས་བརྩེ།  ཨ་མའི་གཅེས་དུང་།  གང་ཡང་དྲན་བཞིན་ཡོད། མཚན་ནག་གི་ཁུགས་སོ་རེ་ནས་ནུས་བློ་ཅི་ཡིན་ཆ་མི་འཚལ་བར་གཉིད་ལས་སད།   བསམས་གཞིག་གི་གཡང་དུ་ལྷུང་བས་གཉིད་དུ་མི་དབབ་ལ།    བྱུང་རྒྱུལ་དུ་ཁོ་རུམ་པའི་ཨ་ནེ་སོགས་ལ་རང་དབང་མེད་པར་ཨ་མ་ཞེས་འབོད་སྐད་ཉོམ་དུང་ངེ་རེ་ཤོར།

 རེད་དེ།  ནམ་ཞར་ཡང་དྲན་གདུང་གི་མིག་ཆུ་མི་འབྱིད་དེ།   འདི་ནི་བྱིས་པ་སེའུ་བཅུ་ཞིག་གི་ཁོག་ཏུ་གནས་པའི་རང་གི་ཕ་དམ་པའི་སྐད་ཆ་དེའི་དབང་གིས་སོ།  ད་དུང་ནུས་བློའི་ཨ་ཕསབུ་རྒོོད་པོ།  ལག་ཆགས་དུས་ཡོང་རྒྱུ་མང་།   ངུ་མི་ཉནཞེས་མ་འོངས་ལོ་ཟླའི་ནང་ཅི་འོང་ཐམས་ཅད་ཤེས་པ་བཞིན་སྟ་གོན་དང་སྦྲགས་འདི་ལྟར་རང་གི་ཉེ་འཁོར་ན་མི་གཞི་ཞིག་གསོ་བཞིན་གདའ། 
ནགས་ཚང་ཚང་ལ་རིམ་བཞིན་གོ་ཆག་བསྟུད་མར་བྱུང་བས།  སྐབས་ཤིག་ནས་ནགས་ཚང་ཚང་ཞེས་པ་ཞིག་ཁྱིམ་མེད་ཤུལ་མེད་དུ་གྱུར་ལ་ཁད།  ཉེ་དུ་ཀུན་པོས་ནུས་བློའི་ཨ་ཕར་ཡང་བསྐྱར་གཉེན་སྟོན་བྱས་ན་ཞེས་རིམ་པར་བསྐུལ་ཡང་།   དགྲ་འདུལ་གྱིས་བུ་ཆུང་ཉིས་ལ་མ་ཡར་ཞིག་དགོས་དོན་མེད་པས་དང་།  ཅུང་ལག་ཆགས་ཚེ་གྲྭ་བར་གཞུག་འཇོག་ཅེས་རྒྱུ་མཚན་དུ་སློག་པས་དེ་ལྟར་བྱས།  ནུས་བློའི་ཨ་ཕ་ཉིན་མཚན་ཁ་བསྒྲིལ་ཏེ་གར་སོང་མེད་པར་ཕྱི་ལ་འཁྱམས་ཐེངས་རེར།  ནུས་བློ་གདུང་སེམས་ཀྱིས་ཡང་ཡང་མནར་བས་རྨི་ལམ་དུའང་རྒྱུན་དུ་ཨ་ཕ་ཁོ་ན་རྨིས།  ཨ་ཅེ་ཚང་གིས་ནུས་བློ་རང་གི་བུ་རྒྱུད་བཞིན་བསྐྱངས་བསྐྱངས་རྗེས།  ལས་དང་རྣམ་སྨིན་ཅི་ཞིག་གིས་ནུས་བློའི་ཨ་ཕ་ཕྱིར་ཐོན་ཐེངས་ཤིག་ལ་ནུས་བློའི་མིག་གཡས་པས་མཐོང་ཐབས་བྲལ།  འདི་ནི་དྭ་ཕྲུག་ཏུ་ལུས་བའི་མཚོན་རྟགས་ཆེ་ཤོས་སུ་གྱུར་སོང་།  དེའི་ཚེ་དམངས་ཁྲོད་དུ་མཚོོན་ན་དྭ་ཕྲུག་ཞ་ར་མཐོང་བའི་སྙིང་རྗེ་བྱམས་པ་ཡི།  ཐན་ལྟས་དང་རྣམ་རྟོག་འདྲ་མིན་གྱི་དམའ་འབེབ་དང་ཁྱད་གསོད་ཅིག་ཏུ་བརྩི་བར་གྲང་།  འདི་ནི་མ་གཞི་ནས་ཆོས་ལུགས་རྐྱང་རྐྱང་གླེང་མཁན་དང་རྨོངས་དད་ཙམ་ལས་ཅི་ཡང་མི་ཤེས་པ་དག་གི་མི་དང་མིའི་བར་གྱི་འདུ་ཤེས་འཛིན་སྟངས་སོ།  
 
ཡིན་ཡང་།  དུས་ཀྱི་འཕོ་འགྱུར་ཆེ་བའི་ལོ་རབས་དེ་ཐོན་ལ་ཉེ་བའི་དབང་གིས།  ནུས་བློ་དང་ནུས་བློ་ལྟ་བུའི་དབང་པོ་མེད་པར་གྱུར་བ་རྣམས་ཀྱིས་རྙིང་ཞེན་དང་བླུན་རྨོངས་དག་གིས་ཁྱད་གསོད་དང་དམའ་འབེབ་ཀྱི་སྡུག་དེ་དེ་ཙམ་མྱངས་དགོས་བྱུང་མེད།  དུས་ཀྱི་འཕོ་འགྱུར་ཆེ་བའི་གནས་བབ་གང་ཐད་ནས་ཀྱང་ནུས་བློས་མ་ཐེག་པའི་སྡུག་ཅིག་གང་དུ་ལྷག་ཡོད།  བོད་རིགས་ཡོད་རྒུས་མྱངས་བའི་དམྱལ་བའི་སྡུག་བསྔལ་ཚད་མེད་ཀྱི་ཟུར་ཞིག   གསོན་ཙམ་གྱུར་བའི་ནུས་བློའི་སྨྲ་ལྕེ་ལས་རགས་བསྡུས་ཤིག་ནི་དེ་རིང་ད་དུང་མྱོང་བྱར་གྱུར།  འདི་ནི་མི་གསོན་པོའི་ཁྲག་དྲོན་མོས་བྲིས་པའི་དུས་རབས་ཀྱི་དཀྱོག་མཚམས་ཤིག་སྟེ།  དུས་གཏན་དུ་ལོ་རྒྱུས་དང་མི་རིགས་ཀྱི་སེམས་ཁོངས་ནས་གློད་མི་སྲིད་པའི་ཁྲག་ཡིིག་ཡིན།   ཀློག་པ་པོ་ཞིག་གི་ངོས་ནས་ཀྱང་མིག་ཆུ་དང་བྲལ་ཐབས་མེད་པའི་ཚེགས་ཆེ་བའི་འགྱུར་མེད་སྤུན་ཟླ་ཞིག་གི་ལས་དབང་ཞིག་སྟེ།  སྐྱབས་མེད་མགོན་དཔུང་མེད་པའི་ཕ་ས་ཕ་ཡུལ་གྱི་ལས་དབང་མཚོན་པའི་ཨ་མ་མེད་པའི་དྭ་ཕྲུག་བློ་གཅོང་གཅིག   མུ་གེ་དང་བརྙས་བཅོས་ཡང་ཡང་ཐེབས་པའི་ལོ་ཟླའི་བདེན་དཔང་ཅིག    དགྲ་བོས་ཨ་ཕ་མིག་སྔར་ནས་བསྒྱེལ་བའི་ས་མཐའི་བཙོན་ཕྲུག་ཅིག  ཡང་ནས་ཡང་དུ་དྭ་ཕྲུག་ཏུ་ལྷག་པའི་ནུས་བློ་དང་ནུས་བློ་དག་གི་ལོ་ཟླའི་མུ་ཁྱུད་དུ་ཁྲག་དང་མཚོན་གྱིས་བརྟུལ་བའི་བཙན་ཤེད་སྣ་ཚོགས་ཐེབས།   འདི་ནི་མི་རིགས་ཤིག་གི་ལོ་རྒྱུས་ཀྱི་བར་གསེང་འཐིམས་པའི་ལོ་རྒྱུས་གཞན་ཞིག་གི་དཀྱོག་མཚམས་སུ་མངོན་པའི་ཟུར་ངོས་སོ། 

                          དབུས་མཇལ་བ་ཆུང་ཆུང་།

བོད་མི་རིགས་ཀྱི་མ་ཤི་ཕུགས་འདུན་ཆེ་ས་ནི་སྟོད་ཉི་མ་ལྷ་སར་མཇལ་སྐོར་དུ་འགྲོ་བ་དང་།  ལྷ་སའི་ཇོ་བོའི་མདུན་དུ་མཆོད་མེ་ཀོང་བུ་གང་འཇོག་པ་དེ་རེད།  དེ་ནི་ཚེ་སྲོག་ལམ་བསྡོོས་བྱས་ཀྱང་འགྱོད་མེད་གདུང་མེད་ཀྱིས་ལོ་ཟླའི་ཕྲེང་བ་ཚལ་བར་གཤག་སྟེ་བསྐྱོད།  ང་རང་ཆུང་དུས་བྱིས་དུས་ཀྱི་ཨ་མྱེའི་གནའ་གཏམ་ཁྲོད་ནས་དབུས་མཇལ་ཨ་སྐྱོ་ཞེས་ཡིད་མུག་པའི་གཏམ་རྒྱུད་རེ་རེ་ཐོས་མྱོང་ཡོད་པས།  དེ་རིང་འདི་ནས་ནུས་བློ་ཀློག་སྐབས་སུ་ཨ་མྱེའི་གནའ་གཏམ་ཁྲོད་ཀྱི་དབུས་མཇལ་ཨ་སྐྱོ་ཞེས་པ་དེ་ནུས་བློ་ཡིན་སྣང་ཤར།   ནུས་བློའི་དབུས་ལམ་ཐོག་ནས་དབུས་མཇལ་ཨ་སྐྱོ་རྣམས་ཀྱི་གཏམ་རྒྱུད་མང་དག་བསྙད་པས་དེ་ནིི་ཡིན་ག་ལ་སྲིད། ཇག་རྐུན་དང་གཅན་གཟན།  རླུང་ཆེན་དང་ཁང་ཆེན་ཁྲོད་ནས་ཀྱི་དབུས་མཇལ་བ་ཚོའི་དཀའ་སྡུག་གི་ལམ་གྱི་འགག་འཕྲང་རེ་རེ་ནི།  ཚེ་ཕྱི་མའི་དོན་དུ་ཤེད་ཀྱིས་འདེགས་བཞིན་ཡོད།  འདི་ནི་ཚེགས་ཆེ་བའི་ལོ་ཟླའི་བར་གསེང་ནས་བོད་མི་རིགས་ཀྱི་དད་པ་ཆེར་སྐྱེས་ཀྱིས་བློས་གཏོང་སྣ་ཚོགས་དང་སྨོན་ལམ་གང་མང་གིས་བསྒྲུབ་པའི་ཆེས་མཐར་ཐུག་གི་དམིགས་ཡུལ་ཡིན། 
དེ་བས་བོད་དུ་དད་ཞེན་ལོས་ཆེ།  ལྷ་སའི་ཇོ་བོ་དང་བོད་མི་རིགས་གྱི་བར་ཐག  ཐག་རིང་ནས་མཆེད་པའི་དད་འདུན་གྱིས་བརྟས་ཡོད།  འདི་ནས་ཡང་གཙུག་གཡུདྲན་ཡོང་།  གས་སྲུབ་དོད་པའི་འཚོ་བའི་དར་རྒུད་ཁྲོད་དུ།  ལྷ་སའི་ཇོ་བོ་ནི་ནུབ་ཕྱོགས་བདེ་ལྡན་ཞིང་དུ་ཕྱོགས་སྟོན་མཛད་མཁན་ཏེ།  ལམ་བར་ནས་འཆི་ཉེན་ཆེ་བའི་གཡང་གཟར་བྲག་དམར།  དབྱར་ཆུ་བྲུག་རླབས།  སྤྱང་ཚོགས་སོགས་གཅན་གཟན་སྟུག་པོའི་མཆེ་སྡེར་འོག་ཏུ།  ཇོ་བོར་དད་འདུན་ལྷད་མེད་ཀྱིས་གསོལ་ཞིང་བསྒོམས།  ཐེངས་ཤིག་གི་མཇལ་ཁ་རང་ཉིད་ཀྱིས་ཚེ་རབས་གང་དུ་མང་བསགས་པའི་ཚོགས་ཁོ་ན་ཡིན་ཨང་ཞེས་རྨི་ལམ་དང་རྣམ་རྟོག་དུ་མའི་བར་ནས་རི་རྩེ་གངས་སྨུག་གིས་བཟུང་བའི་མཐོང་དབྱིངས་སུ་བལྟས་ཡོད།   སྐབས་ཤིག་ནུས་བློ་ཁོ་ཚོ་ས་སྟོང་ཐང་ཆེན་ཞིག་ཏུ་འགྲོ་དུས་བོའུ་སྐད་ཐེངས་ཤས་གྲགས།  གློ་བུར་དུ་ཚང་མ་དངངས་སྐྲག་བསླངས་ཤིང་ཡོངས་ཀྱིས་ཅི་ཞིག་འཕྲད་སོང་ཞེས་གོ་མཚོན་གྲ་སྒྲིག་དང་གཟབ་གཟབ་བྱེད་དུས།  ཐག་མི་རིང་བའི་རི་ངོས་ཤིག་ནས་སྤྱང་ཚོགས་བརྒྱ་ཡན་མན་ཞིག་གྱེན་དུ་གཤར།  རི་ཤམ་གྱི་གད་ཁུག་ཅིག་ཏུ་མི་གཟུགས་ཤིག་གསལ་མི་གསལ་གྱིས་མངོན།  དེ་མུར་ཁོ་ཚོ་ཐད་དཀར་མི་དེར་གཟས་ནས་ཕྱིན།  མི་དེ་བུ་མེད་ཅིག་ཡིན་ལ།  མ་བུ་ཉིས་ཅན་གྱི་ཁོ་ཚོ་དང་ལས་དབང་གཅིག་པའི་དབུས་མཇལ་ཨ་སྐྱོ་ཉམ་ཆུང་ཞིག་རེད།  ཁོ་མོའི་ལག་གཡས་པའི་ནང་དུ་དངུལ་གྱི་ཆབ་མ་ཞིག་བཟུང་འདུག་སྟེ།  དེ་ནི་ལག་གཡོན་པའི་འོབས་ཀྱི་བུས་པ་དེར་སྤྱང་ཚོགས་འགོག་རྒོལ་སྤྱད་དེ་ཁྲག་གིས་བརླན།  དེ་ཚོོད་དུ་མོས་སྐད་ཆ་ཤོད་མི་ནུས་ཤིང་མོའི་ལུས་ཧྲིལ་བོ་སྤྱང་ཚོགས་ཀྱིས་རྨས་ཟིན།  འོན་ཏེ།  མོས་ད་དུང་མིག་གིས་རིག་རིག་དང་ལག་བརྡ་ཐབས་ཆགས་ཤིག་གིས་བུས་པ་འདི་བདག་རོགས་ཤེས་ཞུ་བ་འཐེན་པ་འདྲ།  དེ་ཁར་དུ་ནུས་བློའི་ཨ་ཕས་མོའི་ལག་འོབས་ཀྱི་བུས་པ་ཚུར་བླངས།       མོས་ལག་པས་ཐལ་མོ་སྦྱར།   བུས་པ་དེའི་ལུས་ཐོག་རྨ་ཤུལ་ཡེ་ནས་མེད་པས་ཁོ་ཚོ་ཚང་མ་ཡ་མཚན  འོན་ཏེ།  མོས་ད་དུང་མིག་ཟུང་ཟུམ་ཟུམ་གྱིས་ལག་པས་མེ་མདའི་ཕྱོགས་སུ་བསྙབས།  ཡང་མོས་ཐལ་མོ་སྦྱ།  ནུས་བློའི་ཨ་ཕས་ཅི་ཞིག་ཤེས་པ་བཞིན་མོའི་དབྲལ་བར་མེ་མདའ་ཚད།  ནམ་ཞར་ཡང་བུད་མེད་དེ་གསོན་དཔེ་ཨེན་ཙམ་མེད་པས་ག་ཤེད་དེ་ནས་ཅི་བྱ་གཏོལ་མེད་ངང་ཁོ་ཚོ་ཚང་མ་ཧད་དེ་ལུས།  མོས་ད་དུང་ཐལ་མོ་སྦྱར།  ཚང་མ་ཁ་ཚུར་འཁོར་གླགས་སུ།  ཀག་སེ་སོང་ཞིང་མོ་གཏན་དུ་འཇིག་རྟེན་དང་བྲལ་བའི་དུས་ནི་དེ་རིང་རེད།  དེ་ཁར་ནུས་བློས་ཨ་མ་དྲན་ཞིང་།  སྐྱོ་གདུང་བཟོད་མེད་ཅིག་སྐྱེས་ཏེ་ཁུ་སིམ་མེ་རང་སར་བསྐྱོད། དེ་ལྟ་རྐྱེན་ངན་དང་འཕྲད་པ་ཇེ་མང་རེད།  གངས་ཕྱིད་ཐེབས་པ།  ཇག་པས་བསད་པ།  སྤྱང་ཚོགས་སོགས་ཀྱིས་བསད་པའི་མི་རོ་རྟ་རོ་དག་དང་ཡང་ཡང་འཕྲད་པས།  ནུས་བློ་སེམས་ནས་ཀྱང་ནམ་ཞིག་རང་གི་འཆི་རྐྱེན་ག་འདྲ་ཞིག་ཏུ་འཕྲད་འོང་སྙམ་པའི་འཇིགས་སྐྲག་བར་མེད་སྐྱེས། 
འདི་ནས་ཀློག་པ་པོ་ཞིག་གིས་ཕངས་སེམས་ཚད་མེད་ཤོར།  ཡི་གེའི་ཐིག་ཕྲེང་བསྣོལ་བའི་མིག་ཟུང་མཆི་མས་མཐའ་བསྐོར་བྱས།  དད་འདུན་འབའ་ཞིག་གི་སོ་ཁ་ནས་མི་རིགས་ཤིག་ཨ་སྐྱོད་ཆད་པོ་འགའ་འགྱུར་བཞིན།  ཇག་རྐུན་དང་གཅན་གཟན་གྱི་རྒྱགས་ཕྱེ་ཁོ་ནར་འགྱུར་བཞིན་ཡོད།  གཟའ་ཚོོ་གཟའ་ཚོ་བྱས་ནས་གཡང་གཟར་དང་གྲོག་རུང་།  ཁ་ཆར་བུ་ཡུག  གངས་ཕྱིད།  མུ་གེ་ཐེབས་ནས་འཇིག་བཞིན་ཡོད།  རེད་དེ།  བློ་སྤོབས་ཅི་ཞིག་གིས།  ཤི་མགོ་ས་ལ་མ་བཞག་བར་ཉི་མ་ལྷ་ས་བསྐྱུད་ཐབས་མེད་ཅིང་།   ཁྲག་རྣག་གི་གོམ་པའི་གདེགས་འཇོག་བར་ནས་ཉི་མ་ལྷ་ས་ཡང་ཡང་དྲན་བཞིན་ཡོད། སེན་མགོ་རྣག་དང་སེན་རྟིང་ཁྲག་གིས་རི་ཆུ་སྟོང་ཕྲག་ལ་འདི་ལྟར་རི་མོ་འབྲི་བཞིན།  ཚེ་སྲོག་གི་རྫོགས་ཚིག་ཀྱང་ལྷ་སའི་ཇོ་བོའི་ཕྱིར་དུ་བཀོད་ཕོད།  ནུས་བློ་བྱིས་པ་བསམ་མེད་ཅིག་གིས་ཀྱང་རྟ་འཕོངས་གཡག་འཕོངས་། རྐང་ཐང་ཚུན་གྱི་ཉིན་ཞག་ཁ་བསྒྲིལ་ཏེ་དབུས་ལ་སྙེག་གིན་ཇོ་བོ་བསྒོམས་བཞིན་ཡོད།   འདི་ནི་མི་རིགས་ཤིག་གི་རིག་གནས་དང་སྙིང་སྟོབས་ཡར་འདེགས་སྟངས་ཤིིག་རེད།  ཚེ་ཕྱི་མའི་དོན་དུ་ཡོད་ཚད་ལ་མཚམས་ཆོད་ཅིང་།  གཏན་བྲལ་དུ་ཐུབ་པའི་སྙིང་རུས་ཤིག་ཨ་སྐྱོ་རེ་རེའི་སེམས་སུ་བརྟན་བརླིང་གིས་འགྱིངས་ཡོད།  ནུས་བློ་ཡང་ལམ་ཚེགས་ཇི་ལྟར་ཆེ་ན་གདོང་ལེན་དང་སྤོབས་སེམས་དེ་བཞིན་ཡངས་ཤིང་རྒྱས་པར་གྱུར།  འདི་ནི་བུ་རྒོད་པོ་ཟེར་བའི་མ་བརྡ་བུ་བརྡ་འཕྲོད་སོང་བས་ལོས་ཡིན།  ཟླ་འགའི་ལམ་ཚེགས་དང་འཆི་གསོན་གྱི་བར་དོ་འགྲིམས་ཐེངས་མང་པོའི་ཁྲོད་དུ།  མི་རོ་རྟ་རོ་མིག་ལམ་དུ་ཆད་པ་མེད་ཅིང་རང་ཉིད་ལའང་འཇིགས་སུ་རུང་བའི་སྐྱོམས་འདར་གང་མང་བརྒྱུད་མཐར།  ཉི་མ་ལྷ་སའི་ཇོ་བོར་མཇལ་ཞིང་སྐྱབས་མགོན་གང་གི་སྐུ་གསུང་ཐུགས་སུ་མཇལ།  དེ་བཞིིན་གྲངས་ཀས་མི་ལོན་པའི་སེ་འབྲས་དགའ་གསུམ་དང་དེའི་འཁོར་དུ་ཆགས་པའི་མ་དགོན་བུ་དགོན་ཇི་སྙེད་མཇལ།  གཙང་སྟོད་བཀྲིས་ལྷུན་པོ་མད་ཆད་ལུས་པ་མེད་པར་མཇལ་རྗེས།  ལྷ་སའི་སྐོར་ལམ་མཐིལ་གྱི་ཡ་མ་བརླའི་སྐུ་དྲག་མི་དྲག་རྣམས་ཀྱི་སྒེར་སྡེམ་རིང་ལུགས་དང་ལྟག་སྒོ་ཡོད་ཙད་ཤེས་རྗེས།  ནུས་བློ་དང་ཨ་སྐྱོ་དག་ཕྱིར་རང་ཡུལ་དུ་ལྡོག་ཕེབས་བྱས།  ལམ་ཚེགས་ཇི་སྙེད་ཅིག་མྱངས་རྗེས་ཕྱིར་ཕ་ཡུལ་གྱི་སྤང་དུ་བདེ་བླག་ངང་བསླེབས་ལམ་བར་ནས་རྒྱ་དམག་ཆ་རེ་དང་རྒྱ་མི་རེ་འགའ་ཐུག་པ་མང་མང་ཡིན་ནོ།

                                 ཁྲི་མུན་བཙོན་ཕྲུག་ཆུང་ཆུང་།
བདག་ལ་ལྐོག་འགྱུར་གྱི་གནས་པའི་ཨ་མྱེའི་རྒན་རྒོན་རྣམས་ཀྱི་གནའ་གཏམ་ལྟ་བུའི་ངག་རྒྱུན་ཞིག་གི་ཟོལ་གྱིསབུད་མེད་རྣམས་ཀྱིས་སྐྲ་བཞར་རྒྱ་ཆས་སྤྲས།  སྐྱེས་པ་རྣམས་ཀྱིས་ར་བ་བཅད་རྒྱ་ཆས་སྤྲསཞེས་རྫོགས་མཐའ་མེད་པ་ཞིག་ཐོོས།  དེ་ལྟ་དེ་ནི་གནའ་གཏམ་ཞིག་ལས་དངོས་སུ་བདག་དང་ཁྲག་རྒྱུན་གཅིག་པའི་ཡ་ཐོག་གོང་མ་དག་གིས་བརྒྱུད་ཡོད་པ་སུས་འཁས་འཆེས།  དེ་ནི་མ་གཞི་ནས་འབྱོར་མེད་གྲལ་རིམ་གྱི་རིག་གནས་གསར་བརྗེ་ཆེན་པོཟེར་བ་ཅི་ཡིན་ཆ་མ་འཚལ་བའི་བྱིས་བློ་ཞིག   ད་ཚོད་ལོ་རྒྱུས་དང་དེབ་རྒན་རེ་ཟུང་ལས་འདི་དང་ཆ་འདྲ་བའི་གོ་ལྡོག་སྤྱོད་ཚུལ་རེ་རེ་མྱོང་སྐལ་ཐོབ་པས། བདག་གི་ཡབ་མེས་རྣམས་ཀྱི་ཡ་ང་བའི་མུན་ནག་གི་ལོ་ཟླ་ཞིག་ཐོད་དུ་བླངས་ཏེ་མི་རིགས་དང་སྐད་ཡིག་གི་དོན་དུ་ཟུངས་ཁྲག་དང་ཚེ་སྲོག་གིས་བློས་གཏོང་གཞལ་མཐའ་མེད་པའི་ལག་རྗེས་དེས་ཅིས་ཀྱང་ང་རྒྱལ་ཆེན་པོ་ཞིག་སྐྱེས་སུ་འཇུག     འདི་ནི་ད་དུང་ས་སྒང་འདིའི་བྲང་གཞུང་ན་འཚོ་བའི་བོད་ཅེས་པའི་ཐ་སྙད་འདིའི་མེ་རོ་རེད།   ང་ཚོ་ལ་མུན་ནག་གི་ནམ་ཟླ་དེའི་ཁ་གཏད་དུ་ཉི་ཟླ་དང་འདྲ་བའི་ཚེ་སྲོོག་རླབས་ཆེན་རེ་རེ་འོད་ཀྱིས་འཚེར་མྱོང་བས་ང་ཚོ་ད་དུང་མུན་ནག་གི་གཏུང་དུ་ལུས་མེད།   དེ་ནི་ཅིས་ཀྱང་ལོ་རྒྱུས་ཀྱིས་ང་ཚོར་བསྟབས་པའི་ནག་ཉེས་དང་ང་ཚོས་ལོ་རྒྱུས་སུ་བཞག་པའི་མུན་ནག་གི་གདུང་འབོད་ཡིན།  ནམ་ཞིག་མ་ཤི་ཕ་བསད་ཀྱི་གཅེས་ཕྲུག་ཆུང་ཆུང་ཞིག་ཁྲི་མུན་བཙོན་ཕྲུག་ཏུ་གྱུར་ཏེ་སྡུང་གྱོང་དང་མནར་གཅོད་ཐེབས་བཞིན་ཡོད།   ཁོ་ནི་གོང་གི་ནགས་ཚང་ཞི་ལུའམ་ནགས་ཚང་ནུས་བློརེད།     

ལར་ཁོ་ནི་བྱིས་པ་སྣབས་ལུག་ཅིག་ལས་ཅི་ཡང་མིན་ཡང་ད་ནི་ཁོའི་འཁོར་དུ་བྱུང་བའི་གཏུམ་སྤྱོད་ལགས་ཆགས་ཀྱིས།   ཁོའི་སེམས་ཀྱི་ཉེར་བསྡོགས་ཀྱང་གནར་གཅོད་ཀྱི་ཐུ་འོག་ནས་འཆི་སྒུག་བཅའ་བ་འོ།  དེ་ནི་དུས་ཁོ་བཙོན་དུ་བཙུད་ཅིང་ཁོ་བའི་ཕུ་བོ་འཇའ་པེ་དང་ལྷན་དུ་ཡོད།  དེ་ནི་ཁོ་ཚོ་རྒྱ་གཞུང་གི་གདུག་རྩུབ་དང་རྒྱང་བཀྱེད་དེ།  རི་བྱོལ་གྱིས་ལྷ་སའི་ཕྱོགས་སུ་བསྐྱོད་པའི་ལམ་བར་ནས་རྒྱ་ལག་ཐེབས་པའི་དུས་རེད།  ཁོ་ཚོ་ལམ་བར་ནས་ཐེངས་དུ་མར་རྒྱ་དམག་དང་གཡུལ་འགྱེད་བཀྱེས་ཞོར་ཉིན་ཞག་གང་མང་གབ་གཡོལ་ཀྱིས་ལམ་དུ་ཆས་རྗེས།   ས་སྲོད་ཅིག་ལ་དམག་དཔུང་ཞིག་དང་གདོང་འཕྲད་དེ་ཡུན་ཙམ་ཞིག་ལ་མདེའུ་ཆར་འབེབས་འབེབས་བྱེད་ཅིང་དམག་ལྭ་ཅན་འགའ་རེ་་ཉག་ག་ཞིག་ནས་སྔོ་ཉིལ་ལེ་གཡུགས།  ནུས་བློའི་ཨ་ཕའི་མེ་མདའི་མདེའུ་ཟད་ལ་ཉེ་ཞིང་ན་ཁུག་ཞིག་ནས་རྟ་ཁྲིད་བཞིན་པའི་གྲྭ་གཞོན་ཉིས་འཕྲོ་འཕྲོར་བསད།   དེ་མ་ཐག་ནུས་བློའི་ཨ་ཕ་དགྲ་འདུལ་ཡར་ལངས་ཏེ་རྟར་ཞོན་ནས་རྒྱ་དམག་གི་ཆག་རར་གཟས་ནས་རི་གཤམ་ནས་གྱེན་དུ་རྒྱུག། རྟས་གོམ་པ་འགའ་བླངས་རྗེས་མེ་མདའི་སྐད་ཤུགས་ཆེན་པོ་ལྷན་དུ་དགྲ་འདུལ་གྱི་ལག་གི་མེ་མདའ་ས་ལ་ཟགས།   དེ་ཁར་དགྲ་འདུལ་ཡང་རྟ་གོང་ནས་མར་ལྷུང་སྟེ་ས་ལ་བསྣར།  དགྲ་འདུལ་གྱི་ཐད་དཀར་དུ་རྒྱ་དམག་ཅིག་གིས་མེ་མདའ་དགྲ་འདུལ་གཟས་ནས་ཉེ་བར་བཅར་སྐབས།   དེ་མ་ཉིད་དུ་མེ་མདའི་སྐད་དང་ལྷན་དུ་རྒྱ་དམག་དེ་ས་ལ་བསྒྱེལ།  དེ་ནི་དགྲ་འདུལ་གྱིས་རྒྱ་དམག་དུ་མ་བསད་པའི་ཆེས་ཐ་མ་དང་ཁོ་རང་གི་ལག་དམར་ཡང་ཡིན་སྲིད།  གང་ལྟར་སྐབས་དེ་ཤེད་དུ་དགྲ་འདུལ་གྱིས་རུམ་ནས་ཐུང་མདའ་ཞིག་བླངས་ཏེ་བསད་དོ།  དེ་ནས་དགྲ་འདུལ་གྱི་འཁྲིས་སུ་བཅར་དུས་འདི་ལྟར་ཁ་ཆེམས་ཤིག་བཞག་སྟེཁྱེད་ཚོས་ངེས་པར་མགོ་འདོགས་ཞུས་དང་འཆི་ཉེན་མེད།  གལ་ཏེ་ཁྱོད་ཚོའི་མགོ་པ་སུ་ཡིན་ཞེས་དྲིས་ན་ང་རེད་ཅེས་ཤོད།  དེ་མ་གཏོགས་བོད་ཁམས་གང་སར་རྒྱ་དམར་ཁྱབ་ཡོད་པ་འདྲ།  བྲོས་ནས་ཐར་ས་ཞིག་མེད།  སྟབས་ལེགས་ན་ཞི་ལུ་ཉིས་ལ་ལྟ་རྟོག་ཡག་པོ་བྱ་རོགས།  ང་ནི་ད་རེའི་འདང་མི་འདུགཅེས་རི་བྱོལ་གྱི་བློས་ཐུབ་གྲོགས་པོ་བསྟན་འཛིན་སོགས་ལ་འདི་ལྟར་བཤད་དེ་ཚེ་ཡི་འཕེན་པ་རྫོགས། 
དེ་ནས་བཟུང་ཁོ་ཚོའི་ལག་ཟུང་བཅད་པ་བཞིན་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་མགོ་འདོགས་མི་བྱེད་ཐུ་མེད་རེད།  བཙོན་རར་ལྷུང་སྟེ་འདྲི་རྟོག་དང་རྡུང་རྡེག་གི་ཁ་ནས་གཞན་གྱི་འཛུབ་རྩེར་གར་སྟོན་དེར་རྒྱུག་དགོས།  འདི་ནས་བདག་གིས་སྔོན་ཆད་ཡང་ཡང་གོ་མྱོང་བས་འཐབ་རྩོད་དང་མུ་གེཟེར་བའི་ལས་དེ་འཕྲད།  འཐབ་རྩོད་ནི་དེ་སྔ་རང་གི་བླ་མ་ཡིན་ཞེས་གང་གི་དྲི་ཆུ་ཚུན་ཆད་ནས་བྱིན་རླབས་སུ་སྒོམ་མྱོང་ན་ཡང་།  ད་རེའི་བླ་མའི་རྗེས་འཇུག་པ་རྣམས་ཀྱིས་བླ་མ་དེ་ཁོ་ཚོར་མགོ་སྐོར་གཏོང་མཁན།  བཤུ་བཞོག་བྱེད་མཁན་ཞེས་བླ་མའི་ཞལ་ལ་མཆིལ་མ་འཕེན།  བླ་མའི་སྒལ་བར་ཞོན། ཐ་ན་བླ་མ་དེ་ལ་བཙན་གྱིས་རང་གི་གཅིན་པ་བཏུང་དུ་འཇུག་མཁན་ཡང་བྱུང་ཡོད།  འདི་ལྟ་བུའི་གསར་བརྗེ་དེ་བཙན་ཤེད་ཀྱིས་མི་གཤིས་སུ་ཚུགས་ཐུབ་དང་།  བོད་ཀྱི་ཆོས་དང་རིག་གཞུང་།  སྐད་ཡིག  ཐ་ན་གྱོན་ཆས་འཐུང་སྣོད་ཕོར་བ་ཚུར་ཆད་ཀྱི་སྟེང་ལ་བསླེབས་ཡོད། 
 
མུ་གེ་ནི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་ལ་བརྟེན་ཏེ་དབུལ་ཕྱུག་མེད་པར་མཉམ་ཐོབ་ཀྱི་ལོངས་སྤྱོད་ཀྱལ་རོལ་ཏེ་་མིའི་ལྟོ་རྒྱབ་ལ་བསམ་མི་དགོས་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྟོང་བསམ་དང་།   སྟོང་བསམ་དེ་མངོན་གྱུར་ཡོང་བའི་ལམ་ལུགས་ཡ་མཚན་ཅན་དག་གཅིག་རྗེས་གཉིས་མྱུད་དུ་བྱུང་བའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་གནས་བབ་ནས་བྱུང་། 
 
དཀའ་སྡུག་འདི་ནི་ནུས་བློས་བཙོན་ཁང་བརྒྱུད་པའི་མཐོང་ཐོས་ཏེ།  སྐབས་དེ་དུས་མི་རོ་ནི་དུད་འགྲོ་སེམས་ཅན་གྱི་རོ་བཞིན་བཙོན་ཁང་ནས་ཕྱིར་ཕྱུང་བཞིན་ཡོད།  ནངས་མོ་རེ་རེར་ས་དོང་རེ་ལས་ཆེས་ཉུང་བའི་ཚོད་ནི་མི་རོ་བཞི་དང་ལྔའི་བར་ཕྱིར་ཕྱུང་བཞིན་ཡོད།  ས་དོང་ཤིན་ཏུ་མང་ཞིང་ས་དོང་རེ་ལ་བཙོན་པ་བཞི་བཅུ་ལྔ་བཅུ་བཙུད་ཡོད།  ནུས་བློ་ནི་ཁོ་བོ་ཡོད་སའི་ས་དོོང་གཅིག་གི་ཆ་རྒྱུས་ལས་མེད་ཀྱང་ནངས་མོ་རེ་ཁོའི་མིག་ལམ་དུ་མི་རོ་ནི་ཆད་པ་མེད།  དེ་བཞིན་མཚམས་མཚམས་སུ་ས་དོང་ཁ་ཕྱེས་ཏེ་རྒྱ་སྐད་ཀྱིས་བཙོན་ཨང་འདོན་ཏེ།  བཙོན་པ་རེ་རེའི་བྲང་ངོས་སུ་རས་ལྷམ་པ་ཞིག་གི་ངོར་ཨང་གྲངས་བཞི་ལྡན་གྱི་ཨང་རྟགས་རེ་རེ་ཡོད།  བཙོན་སྲུང་གིས་དེ་འདོན་དུས་ཨང་གྲངས་དོ་བདག་དག་དོང་ཁར་འགྲོ་དགོས།  ཉིན་ཞིག་ནུས་བློའི་སྔོན་ནས་བཙོན་པ་ཉིིས་བོས།  ཅུང་འགོར་རྗེས་ནུས་བློར་བོས་ཤིང་འདྲི་རྟོག་དང་ཚར་རྗེས་ཕྱིར་དོང་ནང་ཁྲིད་ཡོང་བའི་བར་ནས་ད་སོ་མ་ཁོའི་སྔོན་དུ་ཁྲིད་པའི་བཙོན་པ་ཅིག་ཤོས།  ལུས་སྟེང་དུ་རྨ་ཁ་ཆེན་པོ་རེ་འགའ་དང་ཕོ་མཚན་སོགས་སུ་ལྕགས་སྲེག་བཙུགས་ཏེ་ལུས་ཡོངས་བསྲེགས་ནས་ཤི་ཡོད།  དེ་བཞིན་ནམ་ཞིག་ནུས་བློ་དོང་སྒོར་འགྲོ་ཐེངས་ཤིག་ལ་བུད་མེད་ཅིག་གི་མཚན་མ་ནུ་མ་སོགས་སུ་ལྕགས་སྲེག་བཙུགས་ནས་ཤི་ཡོད།  དེ་ནི་བུད་མེད་་ཉིས་མཉམ་དུ་འགོ་པ་དག་གིས་བཙན་གཡེམ་སོགས་བྱས་རྗེས།  ཁྱོད་ཉིས་ཕྱིར་དོང་ནང་སོང་དུས་མི་སུ་ལ་ཤོད་མི་ཆོག་ཅེས་བཙན་ཤེད་བྱེད་དུས་བུད་མེད་དེས་ཁས་མ་བླངས་པས་རེད་ཟེར།  འདི་ལྟར་བཤུ་བཞོག་དང་ཁྲིམས་འགལ།  སྒེར་གཅོད་ཀྱི་སྡུལ་བསྔལ་འོག་ན།  རིག་གསར་གྱི་ནག་ཉེས་ཅི་ཡང་མེད་པར་ང་ཡི་མི་རིགས་འདིའི་ཚེ་སྲོག་འདི་ལྟར་གློ་བུར་དུ་འཇིག་གིན་ཡོད།   


གཞན་སེམས་དང་གཞུང་དྲང་གིས་བརྟས་པའི་ང་ཡི་སྤུན་ཟླ་རྣམ་སྡུག་རྩུབ་ཀྱི་མཆི་སྡེར་འོག་ན་མགྱོགས་པོ་མགྱོགས་པོ་ཇེ་ཉུང་དུ་འགྲོ་བཞིན་ཡོད། དགོན་པ་ཆོས་ལུགས་ཀྱི་ཤུལ་ཙམ་མེད་པར་ཐལ་བར་བརླགས།  ཐ་ན་སྐ་རགས་སེར་པོ་ཅན་ཞིག་ས་སྟེང་མེད་པར་གྱུར་རྗེས།  རིག་གསར་རམ་རིག་གནས་གསར་བརྗེ་ཞེས་འདུ་ཤེས་གསར་པ་ཞིག་རྒན་གཞོན་མེད་པར་སློབ་གཉེར་གྱི་གནས་སུ་ཁྲིད།  སྐད་ཡིག་དང་གོམས་སྲོལ་མི་འདྲ་བའི་འདུ་ཤེས་ཤིག་མང་ཚོགས་ཀྱི་སེམས་སུ་བཙན་ཚུགས་ཀྱིས་བསྐྱེད་དུ་བཅུག   འདི་ནི་འོ་སྐོལ་བའི་ལོ་རྒྱུས་ཀྱི་བར་དུམ་དུ་རྒྱལ་པོ་འུ་དུམ་གྱི་དུས་རབས་དང་མཚུངས་སོ།    མུན་ནག་དང་དཀའ་སྡུག་གི་འགག་འཕྲང་བརྒྱུད་བརྒྱུད་པའི་མཐའ་མར།   ནུས་བློ་ནི་བསྐྱར་དུ་བཙོན་དོང་ནས་སློབ་གྲྭ་འགྲོ་བའི་སློབ་བུ་ཞིག་ཏུ་འགྱུར་ལ།   རྡུང་རྡེག་དྲག་པོའི་བཙོན་གྲོལ་ཐོབ་སྟེ་ཁོད་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གྱི་འབྱུང་གནས་སྙེག་པའི་དཔེ་ཁུག་ཅན་ཞིག་རེད།  བདག་གིས་ཀྱང་ནམ་ཞིག་གི་ཚེ་མི་རིགས་འདིའི་མགོ་ཐོག་ཏུ་ནམ་མཁའ་མ་གཏོགས་ཅི་ཡང་མེད་པའི་དཀྱེལ་ཡངས་ཞི་འཇགས་ཀྱི་ཉི་མ་ཞིག་ཤར་སྙམ།   འདི་ནི་ནུས་བློ་བཙོན་གྲོལ་ཏོབ་སྟེ་མཚར་སྡུག་ལྡན་པའི་མ་ཡུམ་སླབ་གྲྭའི་སྒོ་གླེགས་ཕྱེས་པའི་རྒྱབ་གཟུགས་ཤིག་དང་མཉམ་དུ་བདག་ནི་བསམ་གཞིག་དང་འཆར་ཡན་གྱི་ཀློང་དུ་འདྲེས་སོང་། 

·རྩོམ་ཡིག་གོང་མ:སྙན་ངག་པ།
·རྩོམ་ཡིག་འོག་མ:གཞས་ཚིག ཕ་མའི་བརྩེ་སེམས།།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·གནམ་འོག་གི་དོན་བཟང་རྩེ་གྲས་ནི་གང་ལྟར་དཔེ་ཀློག་ཉིད་དོ།། 2015/6/9 15:02:06
·ཀྲུང་གོ་བའི་དཔེ་དེབ་ཀློག་ཚད་འཛམ་གླིང་གི་ཉུང་ཤོས་ཡིན་པ། 2012/10/31 11:02:43
·ང་དང་༼གངས་རྒྱན་ན་ཆུང་ཚགས་པར༽ 2011/6/12 11:39:24
·བྱ་གཞུང་དབྱངས་བྷའི་༼རྩོམ་རིག་དང་མི༽ཞེས་པ་བཀླཊ་རྗེས། 2011/5/15 11:05:04
·འཛམ་གླིང་དཔེ་ཀློག་ཉིན་མོའི་ངོ་སྤྲོད་བསྡུས་མ། 2011/4/23 19:51:47
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/5 21:19:31 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 22:18:35 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 22:04:06 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 73 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS