ཕ་ཡུལ་བྲག་ལྗོངས་ཕྱུག་མོ།
ཚིག ངོམ་ཚེ་མགོན།
༡ རི་མདའ་རྣམ་པར་སྣང་མཛད། །བྱམས་མདུན་བྱམས་པ་རང་བྱོན། །
གྲུབ་ཐོབ་ཉག་རེ་སེ་བོ། །བྲག་གཡབ་གྲགས་པ་རྒྱལ་མཚན། །
ཨ་ལ་ཡོ། གནའ་བོའི་ཤེས་དཔལ་ལོ་རྒྱུས། །ཟླ་ཆུའི་བརྒྱུད་ནས་དར་ཡོད། །
༢ བླ་མ་བློ་ལྡན་ཤེས་རབ། །སྲུང་མ་བསེ་ཡི་ཁྲབ་ཅན། །
དམ་ཚིག་འགྱུར་བ་མེད་པའི། །ལྷ་སྡེ་བྲག་ལྗོངས་ཕྱུག་མོ། །
ཨ་ལ་ཡོ། ཡུལ་མིའི་དཔའ་མཛངས་ལོངས་སྤྱོད། ། གསེར་ཆུའི་རྒྱུན་དང་འགྲོགས་ཡོད། །
ཨ་ལ་ཡོ། ལས་བརྩོན་མངའ་ཐང་དར་བའི། །ཕ་ཡུལ་བྲག་ལྗོངས་ཕྱུག་མོ། །
ཨ་ལ་ཡོ། མཐུན་ལམ་དམ་ཚིག་གཙང་བའི། །སྨོན་འདུན་སེམས་ལ་ཉར་ཡོད། །