ཨ་མདོའི་གཞས་ལ་ཉན་པའི་ཚོར་སྣང་ཞིག
འགྱུར་མེད་རྡོ་རྗེ།
སྐྱིད་དུས་སྣང་བ་སྐྱིད་རོགས་ཨ་མདོ་གཞས།།
སྡུག་དུས་ཡིད་སེམས་སྐྱོ་རོགས་ཨ་མདོ་གཞས།།
མ་འོངས་ཁ་ཕྱོགས་སྟོན་པའི་ཨ་མདོ་གཞས།།
ང་ནི་ནམ་རྒྱུན་ཨ་མདོའི་གཞས་ལ་དུང་།།
གདངས་རིང་སྒྲ་སྙན་སེམས་ཁམས་ལྷོད་པར་བྱས།།
སྒྲ་དག་ཚིག་བཟང་བརྡ་སྤྲོད་གཞུང་དང་མཐུན།།
སྡེབ་ལེགས་སྙན་འཇེབས་སྙན་སྡེབ་ལུགས་དང་སྦྱོར།།
ཨ་མདོ་གཞས་ནི་གངས་ཅན་རིག་མཛོད་ཡིན།།
དཔའ་བོའི་སྙིང་སྟོབས་འགྱུར་ཁུག་དབྱངས་ལས་རྟོགས།།
བཙན་པོའི་ཞབས་རྗེས་དབྱངས་པ་གདོང་ལ་མངོན།།
ལ་རྒྱའི་སེམས་ཁམས་རྒྱུད་དྲུག་སྒྲ་ཡིས་སྟོན།།
ཨ་མདོ་གཞས་ནི་རྒྱལ་རབས་གསོན་པོ་ཡིན།།
༢༠༡༣-༡༡-༥རྒྱལ་ཁམས་པའི་ཚོར་སྣང་ངོ་།།