ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལྗོངས་རྒྱུ།
 རྩོམ་ཡིག་ཀློག་པ།

འབར་མར་ལྗོངས་རྒྱུར་བསྐྱོད་པ།

  རྩོམ་པ་པོ:མཁན་པོ་ཚུལ་རྣམ།ཡོང་ཁུངས:མཚོ་སྔོན་པོ།གཟིགས་གྲངས:7325ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/12/30 22:52:13ཚོགས་ཡར་སྤྲོད:admin
 འབར་མར་ལྗོངས་རྒྱུར་བསྐྱོད་པ།
 
མཁན་པོ་ཚུལ་རྣམ།
 
   ཁར་རྩང་སྤྱི་ལོ་༢༠༡༣ /༡༠ /༡༨ཉིན་ཞི་བདེ་རྒྱ་མཚོའི་གླིང་ཕྲན་ཐེ་ཝན་ནས་ཞོགས་པའི་གནམ་གྲུ་བརྒྱུད་ནང་པའི་རྒྱལ་ཁབ་འབར་མར་སླེབས། ད་རེས་ཐེ་ཝན་དང་། སེངྒ་པོ། མ་ལེ་ཤ་རྒྱ་ནག་བཅས་ནས་སྐྱ་སེར་བརྒྱ་ལྷག་འབྱོར་འདུག སྤྱིར་འབར་མ་ནི་དམར་པོའི་རིངས་ལུགས་ཡིན་ཀྱང་མི་མང་ཁྲོད་དུ་ནང་ཆོས་དར་ཁྱབ་ཆེ་བའི་རྒྱལ་ཁབ་ཏུ་འདུག་པས་མི་རྣམས་ཡ་རབས་དང་ཆོས་ལུགས་ལ་དད་པ་ཆེ། ད་ལྟ་དམངས་གཙོ་ལ་གོམ་པ་སྤོ་བཞིན་པ་རེད་ཟེར། འཛམ་གླིང་ལ་སྙན་གྲགས་ཆེ་བའི་འབར་མའི་གསེར་གྱི་ལྷ་ཁང་དང་། སངས་རྒྱས་ཀྱི་དབུ་སྐྲ་བཞུགས་པའི་མཆོད་རྟེན་དང་། ནང་པར་ཆེས་ཆེ་བའི་སངས་རྒྱས་མྱ་ངན་ལས་འདས་པའི་སྐུ་སོགས་མཇལ། དེ་རིང་འབར་མའི་མར་མེའི་དུས་སྟོན་དང་། དགེ་འདུན་པ་རྣམས་དབྱར་གནས་དགག་དབྱེ་ལ་འཁེལ་འདུག་པས་དགེ་འདུན་མཆོད་པ་དང་། གནས་མཇལ་ཁ་ཤས་ལ་སོང་། ཁོང་རྣམས་ནས་དེ་རིང་ལྷ་བབས་དུས་ཆེན་ལ་བརྩི་བཞིན་འདུག དེའང་སྟོན་པ་ལྷ་གནས་སུམ་ཅུ་རྩ་གསུམ་ལ་ཡུམ་སྒྱུ་མ་ལྷ་མཛེས་ལ་དྲིན་ལན་གསབ་པའི་ཆེད་དབྱར་ཟླ་གསུམ་རིང་ལྷ་ཡུལ་དུ་དབྱར་གནས་ལ་བཞུགས་ནས་ཆོས་གསུངས། དབྱར་གྲོལ་བ་དང་མི་ཡུལ་ལ་ཕེབས་པ་ལ་ལྷ་བབས་དུས་ཆེན་ལ་བརྩི་བས་ཁོང་རྣམ་པའི་ལྷ་བབས་ལ་ཡང་རྒྱུ་མཚན་གསར་པ་རེ་གསུང་རྒྱུ་འདུག ཉིན་དེར་དགེ་འདུན་མཆོད་པ་གཞི་རྒྱ་ཆེ་བ་དང་བོད་ཀྱི་དགེ་འདུན་པས་མཆོད་པ་ཕུལ་བ་ཐོག་མའི་གྲལ་ཡིན་ཤས་ཆེ་བས་འབར་མའི་གཞུང་གི་ཆོས་ལུགས་ལས་ཁུངས་ནས་དྲི་བ་དང་གསར་འགོད་པ་སླེབས། ངས་ཀྱང་བོད་ཀྱི་ནང་ཆོས་ངོ་སྤྲོད་རོབ་ཙམ་དང་། གལ་ཆེ་ཤོས་ང་ཚོ་ནང་པའི་ཆོས་བརྒྱུད་ཁག་མཐུན་ལམ་དང་ངོ་ཤེས་མཉམ་ལས་དགོས་པའི་སྐད་ཆ་བྱས། ཁོང་ཚོའི་དགོང་མོ་རྒྱལ་ཡོང་བརྙན་འཕྲིན་ནང་བཏོན་བཞིན་འདུག
   ཕྱིར་ཉིན་འབར་མའི་ཡུལ་དབུས་མན་ད་ལ་ཞེས་པར་སླེབས། དེ་ནི་འབར་མའི་རྒྱལ་ས་གསར་པ་རེད། ཡུལ་དེའི་ཚོང་དང་རིག་གནས་སོགས་ཀྱི་བསྟི་གནས་ལ་བརྩི་བཞིན་འདུག སྔོན་ཞིག་གནས་འདིར་གནས་བརྟན་སྡེ་པའི་འབར་མ་དང་སེང་ག་ལ་ཐེ་ལན་ཌི་སོགས་ཀྱི་གནས་བརྟན་ཆེན་པོ་རྣམས་འཛོམས། འབར་མའི་རྒྱལ་པོ་ཞིག་ནས་སྦྱིན་བདག་བྱས་ནས་ཐུན་མོང་གི་སྡེ་སྣོད་རྣམས་ཀྱི་བཀའ་བསྡུ་ལྔ་པར་མཛད་ནས་སྡེ་སྣོད་གསུམ་གྱི་བཀའ་རྣམས་པཱ་ལའི་ཡི་གེའི་སྟེང་རྡོ་གཡང་ཁྲི་ངོས་ལ་བརྐོས་ནས་མཆོད་རྟེན་རེ་བཞེངས་ནས་ནང་ལ་བཞུགས་པར་མཛད། དབུས་སུ་སྟོན་པའི་སྐུ་བཞེངས་པའི་མཆོད་རྟེན་ཆེན་པོ་ཞིག་དང་། དེ་ནས་བར་ལ་རྭ་བས་བསྐོར་བའི་རྭ་བ་ནང་ལོགས་སུ་འདུལ་བའི་སྡེ་སྣོད་རྣམས་བཞེངས་པ་དང་། རྭ་བའི་ཕྱི་རོལ་མདོ་སྡེ་དང་མངོན་པའི་སྡེ་སྣོད་རྣམས་བཞུགས། དེའང་ཁོང་རྣམས་ནས་དམ་ཆོས་འདུལ་བའི་སྡེ་རྣམས་ནང་དུ་བཞུགས་པ་ནི་སྟོན་པ་སྐུ་འདས་པའི་སྐབས། ཀུན་དགའ་བོ་དང་ཉན་ཐོས་དང་དགེ་སློང་རྣམས་ནས་སྟོན་པ་མྱ་ངན་ལས་འདས་པའི་རྗེས་མ་འོངས་པར་ངེད་ཀྱི་སྟོན་པ་གང་ལ་བྱེད་ཞུས་པའི་ཚེ་སངས་རྒྱས་ཀྱིས་མ་འོངས་པར་ཁྱེད་རྣམས་ང་མི་བཞུགས་པའི་ཚེ་ན་དམ་ཆོས་འདུལ་བ་ནི་ཁྱེད་རྣམས་ཀྱི་སྟོན་པ་ཡིན་ལ་ང་ཡི་བསྟན་པ་ཡང་ཡིན་ཞེས་ཞལ་གྱིས་བཞེས་པས་སྟོན་པ་ནང་བཞིན་གུས་པས་ན་རྭ་བའི་ནང་ལ་བཞུགས་པར་འགྲེལ་བཤད་བྱེད་བཞིན་འདུག མཆོད་རྟེན་ཚང་མའི་ཕྱི་ལ་རྭ་བ་ཆེན་པོ་དང་། བར་རྣམས་ལ་ལྗོན་ཤིང་སྣ་ཚོགས་པ་ཡལ་ག་དང་འདབ་མ་རྒྱས་བཞིན་པ་དང་བྱ་དང་བྱིའུ་སྐད་སྣ་ཚོགས་གྲགས་བཞིན་འདུག ངེད་རྣམས་ཀྱིས་ཀྱང་ཕྱག་སྐོར་དང་བཟང་སྤྱོད་སྨོན་ལམ་རེ་བཏོན་ནས་སོང་། ནམ་མཁར་ཆར་མེད་པའི་མཇའ་ཚོན་ཡུན་རིང་ཤར་བས་རྟེན་འབྲེལ་དང་བྱིན་རླབས་ལ་བརྩིས་ནས་གསོལ་བ་དང་སྨོན་ལམ་བཏབ་པའོ།།
   དེ་ནས་འབར་མའི་ནུབ་ཕྱོགས་ཕུས་ཀང་ཞེས་པར་སླེབས། ལོ་སྟོང་ཕྲག་སྔོན་གྱི་མཆོད་རྟེན་དང་སངས་རྒྱས་ཀྱི་སྐུ་རུས་བཞུགས་པའི་མཆོད་རྟེན་མཇལ། སྔོན་འབར་མའི་དགེ་འདུན་པ་བཞི་རྒྱ་གར་ཡུལ་དབུས་ལ་བྱོན། དེའི་ནང་གཅིག་དགྲ་བཅོམ་པའི་གོ་འཕང་བརྙེས། རིང་བསྲེལ་དེ་ཉིད་ཁོང་བཞིས་གདན་དྲངས་བར་བཤད། ཕུས་ཀང་ཡུལ་གྲུ་རྒྱ་ཡངས་ལ་ཁོད་སྙོམས་པ་ལྗོན་ཤིང་དང་འབྲུ་རིགས་སྣ་ཚོགས་སྐྱེས། མཆོད་རྟེན་ཆེ་ཆུང་སྟོང་ཕྲག་ལྔ་ལྷག་བཞུགས་པས་ཤིན་ཏུ་མཛེས་ལ་བྱིན་ཆགས་པར་འདུག སྔོན་མཆོད་རྟེན་ས་ཡ་ལྷག་ཡོད་པ་སོག་པོའི་རྒྱལ་པོ་དུབ་ཁི་ལིས་འཛམ་གླིང་ཤར་ནུབ་མང་པོར་དབང་བསྒྱུར་སྐབས་སོག་པོའི་རྟ་དམག་སླེབས་ནས་མཆོད་རྟེན་མང་པོ་བཤིག་པ་དང་ཕུས་ཀང་རྒྱལ་པོ་ཕམ་པར་བྱས་པར་གྲགས། སྔོན་མཆོད་རྟེན་གྱི་གྲོང་ཁྱེར་ཡང་འབོད་སྐད། དགོན་སྡེ་ཡང་མང་ལྷག་པར་སྒོམ་ཁང་མང་དུ་མཆིས། ངེད་རྣམས་ཀྱིས་དགེ་འདུན་པ་རྣམས་ལ་བཟང་འབྲེལ་རེ་བྱས། མཐའ་སྐོར་རྣམས་རི་བོས་བསྐོར་བ་དང་། གཡས་ཕྱོགས་ནས་བོད་ནས་གཞོལ་བའི་ཆུ་བོ་ཆེན་པོ་་རྒྱལ་མོ་དངུལ་ཆུ་དལ་གྱིས་འབབ་པ་སོགས་ཤིན་ཏུ་མཛེས་པའི་ཡུལ་ལྗོངས་ཉམས་དགའ་བར་མཆིས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མནའ་བོའི་རིག་གནས་སྲུང་སྐྱོབ་གྲལ་དུ་བཞག་འདུག ཡུལ་སྐོར་སྤྲོ་འཆམས་པ་ཤར་ནུབ་ཀྱི་མི་རིགས་སྣ་མང་འདུས་པ་དང་། ལོ་རྒྱུས་དང་སྙན་སྒྲུང་མང་དུ་བཤད་རྒྱུ་འདུག
    འབར་མའི་ལྷོ་ཕྱོགས་ཇེ་ཐིས་ཡོས་ཞེས་པར་ནགས་རི་ཆེན་པོ་གཅིག་གི་རྩེར་ངོ་མཚར་བའི་རྡོ་ཡི་གསེར་གྱི་མཆོད་རྟེན་ཞིག་བཞུགས། ཟུང་འཇུག་སངས་རྒྱས་ཀྱི་དབུ་སྐྲ་ཡོད་པ་དང་། དེ་ནི་སྟོན་པ་སངས་རྒྱས་ནས་བདུན་ཕྲག་འགའ་ཡི་རྗེས་འབར་མའི་ཚོང་པ་འགའ་ལ་གནང་བར་བཤད། རང་བྱུང་གི་རྡོ་ནི་རྒྱལ་ཆེན་སྡེ་བཞིས་གདན་དྲངས་པར་གསུངས། ལྗིད་ཚད་སྤྱི་རྒྱ་ཏུན་དྲུག་བརྒྱ་དང་མཐོ་ཚད་ཁང་པ་སུམ་བརྩེགས་ཙམ། བྲག་མཐོན་པོ་ཞིག་གི་རྩེ་ནས་ལྷུང་ལ་ཁད་པ་དང་། རྡོ་དེ་ཉིད་ཕལ་མོ་ཆེ་ས་ལ་མ་རེག་པས་ཅིའི་ཕྱིར་མི་ལྷུང་ན་སྙམ་པ་འདུག སྔོན་དུས་སུ་བར་ནས་སྐུད་པ་འཐེན་ན་ཐར་ཟེར། ཞིབ་བལྟས་བྱས་ན་བར་ཁྲ་སེང་ངེ་མཐོང་རྒྱུ་འདུག ངས་མཐོང་མྱོང་ཡོད་པའི་ནང་ངོ་མཚར་ཆེ་ཤོས་སུ་སྣང་། རི་འདབས་དེར་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཁོང་གི་སྲས་མོ་སེང་ག་ལའི་གླིང་ལ་ཕེབས་སྐབས་སྐྱེལ་རྫོངས་་སུ་གནང་བའི་སྐུ་བྱིན་ཆེན་ཞིག་ཀྱང་བཞུགས། ཁོར་ཡུག་གཙང་ལ་མཛེས་ཀྱང་ཞོགས་པ་རི་རྩེ་སྨུག་སྤྲིན་གྱིས་བཏུམས་པས་ཆ་ཚང་མ་མཐོང་། དེར་ངེད་རྣམས་ཞག་གཅིག་བསྡད་ནས་སོང་།
   འབར་མའི་ཡུལ་དབུས་ཡང་ཀྭོང(YanGon)དུ་བཞུགས་པའི་གསེར་གྱི་མཆོད་རྟེན་ནི་འཛམ་གླིང་སྟེང་མཆོད་རྟེན་ཆེ་ཤོས་སུ་བཤད། མཐོ་ཚད་སྨིས་བརྒྱ་དང་བཅུ་གཅིག་ཙམ་མཆིས། (feet150) གསེར་སྤྱི་རྒྱ་ལྔ་སྟོང་ཙམ་དང་རྡོ་རྗེ་ཕ་ལམ་དང་ནོར་བུ་རིགས་བརྒྱད་སྟོང་ཡར་མར་ཡོད་པ་དང་། ཕ་ལམ་ཆེ་ཤོས་དབྱིན་ཇི་རྒྱལ་མོའི་རྡོ་རྗེ་ཕ་ལམ་ལས་ཀྱང་ཆེ་བར་བཤད། སྤྱི་ལོ་སྔོན་གྱི་ལོ་ལྔ་བརྒྱ་ཙམ་ནས་བཞེངས་པ་དང་རིམ་གྱིས་རྒྱལ་རབས་བཞི་དང་ལྷག་ཏུ་རྒྱལ་མོ་ཤིས་སོ་པོས་རྒྱས་པར་རྫོགས་པ་དང་། ཟུང་འཇུག་སངས་རྒྱས་ཤཱཀྱ་ཐུབ་པའི་དབུ་སྐྲ་ཉག་མ་གཅིག་དང་འོད་སྲུང་གི་ཆོས་གོས་དང་གསེར་ཐུབ་ཀྱི་ལྷུང་བཟེད་སོགས་རིང་བསྲེལ་སྣ་ཚོགས་ཀྱིས་གང་བར་བཞུགས། ཁོང་རྣམས་ཀྱིས་འབར་མ་ལ་མན་མར་(Myanmar)འབོད་པ་དང་། གསེར་གྱི་མཆོད་རྟེན་ལ་(Shwe Dagon Pagoda )འབོད་བཞིན་འདུག བོད་སྐད་ནང་གསེར་ཞེས་པ་ལ་ཁོང་ཚོས་ཀྱང་གསེར་ཞེས་འབོད་ཀྱིན་འདུག དེ་བཞིན་ཨང་གྲངས་གཅིག་གཉིས་གསུམ་སོགས་ལ་འཇར་པན་བཞིན་འབར་མས་ཀྱང་གཅིག་གཉིས་སོགས་རང་རེ་དང་མིང་གཅིག་པ་དང་། འབར་མའི་བྱང་ཕྱོགས་བོད་དང་ས་མཚམས་འབྲེལ་བས་བོད་རིགས་ཀྱང་ཡོད་པ་དང་། ཡང་ཁོང་རྣམས་ལ་མི་རིགས་སྣ་ཚོགས་ཡོད་པ་ལས་ཡང་ཀོང་མི་རིགས་ནི་བོད་རིགས་རེད་ཅེས་སྣེ་ཁྲིད་པས་འབྲེལ་བཤད་བྱེད་བཞིན་འདུག གདོང་དབྱིབས་སོགས་བོད་དང་གཅིག་པ་དང་རྒྱན་ཆས་མང་པོ་ནི་ལྷོ་མོན་དང་དྭགས་ཀོང་སོགས་དང་འདྲ་བ་མང་པོ་མཐོང་རྒྱུ་འདུག ངེད་རྣམས་ཀྱིས་པར་རེ་བླངས་ཕྱག་སྐོར་སྨོན་ལམ་གང་ཤེས་རེ་བྱས་ནས་སོང་།
བོད་ཀྱི་ཆུ་བོ་ཆེན་པོ་རྨ་འབྲི་རྫ་གསུམ་གྱི་ཡ་གྱལ་ང་ཡི་སྐྱེས་ཡུལ་གྱི་ཆུ་ཆེན་རྫ་ཆུ་ནི་ཁམས་ཡུལ་ཤུལ་ནང་ཆེན་ཉེར་ལྔའི་ནང་ཚན་དགེ་རྒྱལ་རྫ་སྟོད་ཆུ་འགོ་བཀྲ་ཤིས་འཁྱིལ་པ་ནས་དལ་གྱིས་གཞོལ་བ་དང་། རིམ་པས་ནང་ཆེན་བརྒྱུད་ཆབ་མདོ་ནས་ངོམ་ཆུ་དང་འདྲེས། དེ་ནས་ཁ་བ་དཀར་པོ་བརྒྱུད་འབར་མ་ལ་བབས། ད་རེས་འབར་མ་ནས་སླར་ཡང་རྫ་ཆུ་ལ་ངོས་ཐུག་པས་ཡུན་འདྲིས་ཀྱི་གྲོགས་པོ་འཕྲད་པ་བཞིན་དགའ་སྐྱོའི་ཚོར་བ་རེ་བྱུང་། པར་རིས་དང་པོ་འདི་ཆུ་འགོ་བཀྲ་ཤིས་འཁྱིལ་དང་། རྫ་རི་འདི་ནི་ང་ཡི་སྐྱེས་ལྷ་མ་སང་གཡའ་སྤང་ངམ་ཡུལ་སྐྱོང་རྫ་རྒྱལ་འབྲི་བྱེད་དུ་འབོད། དེ་ནས་གནས་ཆེན་སྐྱོ་བྲག་སྤྱི་འབྱམས་བྲག་དང་ནང་ཆེན་ཉག་ལ་སོགས་རྫ་རྒྱུད་ཀྱི་མཛེས་ལྗོངས་དང་། ཡང་སྔོན་མ་ཤེས་རབ་འོད་སྣང་སློབ་གྲྭར་གསར་འཛུགས་ལ་བགྲོད་སྐབས་རྫ་ཆུ་རྒྱུད་རླངས་འཁོར་ཆུ་ནང་ལ་ཐོགས་པ་སོགས་དགའ་སྐྱོའི་ཚོར་བ་དམིགས་གསལ་རེ་དྲན་གསོ་ཡང་བྱུང་། མདོར་ན་ང་ནི་རྫ་ཆུ་རྒྱུད་ལ་སྐྱེ། རྫ་ཆུ་འཐུང་ནས་འཚར་ལོང་བྱུང་། རྫ་ཆུ་ལ་ཆུ་རྩེད་རོལ། ང་རྫ་ཆུ་ལ་དགའ། རྫ་ཆུ་ལ་དུང་། ད་རེས་རྫ་ཆུ་དེས་ང་ལ་ང་དང་ང་ལ་འབྲེལ་བའི་བོད་གངས་ལྗོངས་ཀྱི་འདས་མ་ད་ལྟ་དུས་གསུམ་གྱི་དྲན་རྟོག་མང་པོ་བསླངས། སྐྱེ་བའི་ཐ་མར་འཆི་བར་ངེས་པ་དང་། འདུས་མའི་ཐ་མར་འབྲལ་བ་སོགས་ནི་འདུས་བྱས་ཀྱི་ངང་ཚུལ་དང་དེ་རིགས་ནི་སྔ་ནས་ཤེས་ཟིན་པས་མ་འོངས་པར་ང་རྒས་ས་དང་ཤི་ས་ནི་ལས་ལ་གང་བསྐོས་མ་ངེས། ངས་ཀྱང་དེ་ལ་རྩིས་ཞིབ་ཞིབ་ཕྲ་མེད། ངས་གལ་ཆེ་བ་ནི་གང་ཞིག་སྒྲུབ་ཐུབ་པའི་བྱ་བ་དང་། གང་ཞིག་སྒྲུབ་འོས་པའི་བྱ་བ་དང་། སྒྲུབ་འདོད་པའི་བྱ་བ་དང་། དེའི་དུས་ཚོད་དང་གོ་སྐབས་འབད་པ་རྣམས་ནི་རྩ་ཆེན་བརྩི་བཞིན་ཡོད། དེ་བཞིན་རྫ་ཆུ་དང་བོད་ཀྱི་ལས་དབང་འདིའི་འཕེལ་འགྲིབ་ནི་དེ་ལས་ཀྱང་བཤད་ཚོད་དཀའ་བར་སྣང་བས་དགའ་སྐྱོའི་ཚོར་སྣང་རེ་བྱུང་། འབར་མའི་རྫ་ཆུའི་རྒྱུད་ལ་བཞུགས་པའི་མཆོད་རྟེན་མཇལ། རྟོག་པ་སྣ་ཚོགས་དང་འདྲེས་པའི་སེམས་ཉིད་ངལ་གསོ་དང་། ཆུ་ཀླུང་ཆེན་པོ་དེ་ལ་རྒྱང་བལྟ་བྱས། ཆུ་བོ་དེ་ནི་འབར་མ་བརྒྱུད་ཐེ་ལན་ཌི(Thailand)ལོ་སི (Laos)ཁོམ་བྷོ་ཌི་ཡ་ (Cambodia)། ཡོ་ནན་(Vietnam) བཅས་རྒྱལ་ཁབ་ལྔ་བརྒྱུད་མཐར་ལྷོ་རྒྱ་མཚོ་ཆེན་མོར་བབས། དེའི་རིང་ཚད་ལ་སྟོང་སྨིས་༤༨༨༠ཡོད་པ་དང་འབབ་རྒྱུད་ཀྱི་ས་ཁྱོན་ལ་སྟོང་སྨིས་གྲུ་བཞི་མ་༧༩༥༠༠༠ཡོད། འཛམ་གླིང་གི་ཆུ་ཆེན་བཅུ་གཉིས་པ་དང་། ཤར་གླིང་གི་ཆུ་ཆེན་བདུན་པར་གྲགས།
·རྩོམ་ཡིག་གོང་མ:གཞས་ཚིག ང་ཡི་རྐྱང་རྒོད་གཡེར་བ།
·རྩོམ་ཡིག་འོག་མ:ཁ་བརྡ་ཐོར་བུ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·འབྲོག་ཐང་གི་དགེ་མཚན། 2012/6/22 9:31:04
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 16:49:38 [来自: 112.5.236.197]

 评论者:uodfsyxqch
RKepd5  <a href="http://veauwsnowjxu.com/">veauwsnowjxu</a>, [url=http://spghnbeddlae.com/]spghnbeddlae[/url], [link=http://foijyncbgepx.com/]foijyncbgepx[/link], http://dfgqunlinxqt.com/
发表时间:2016/8/11 18:25:29 [来自: 46.161.9.32]

 评论者:5GG9KXGW
http://www.7663.net/html/mail/index.htm
http://www.1234h.com/youxiang43.html
http://www.baiwanzhan.com/site/t159413/
http://www.hao2345.com/htmls/youxiang/index.html
http://www.47751.com/siteinfo/92464
发表时间:2015/12/5 8:59:21 [来自: 111.144.227.221]

འབྲེལ་ཡོད་དཔྱད་བརྗོད 36 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།34.18MS