དཔའ་བོའི་སྙིང་སྟོབས།
རྒྱལ་རྩེ་ནས་བོད་དམག་གི་དམག་དཔུང་གིས་དབྱིན་ཇིའི་བཙན་འཛུལ་བ་ལ་འགོག་རྒོལ་བྱེད་པའི་དམག་འཁྲུག་དྲག་པོ་ཞིག་བརྒྱབ་མྱོང་བས། རྒྱལ་རྩེ་ནི་བོད་ཀྱི་ལོ་རྒྱུས་སྟེང་གླེང་རིན་ཡོད་ལ་ངེས་པར་དུ་གླེང་དགོས་པའི་ལོ་རྒྱུས་ཀྱི་གནའ་ཤུལ་གྲགས་ཅན་ཞིག་ཡིན། རྒྱལ་རྩེའི་རྫོང་རིའི་མདུན་ཟུར་གྱི་ཐང་ཆེན་དུ་དབྱིན་འགོག་དམག་འཁྲུག་གི་སྐབས་སུ་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱེད་པའི་རྡོ་རིང་ཞིག་བཞེངས་ཡོད་པ་དང་། ཐང་ཆེན་དེ་ནས་བལྟས་ན་གཡང་གཟར་གྱི་བྲག་རི་ཞིག་མིག་ལམ་དུ་གསལ་བོར་མཐོང་ཐུབ། རྒྱལ་རྩེའི་དམག་འཁྲུག་གི་སྐབས་སུ་རྫོང་རིའི་སྟེང་གི་མེ་མདའི་མཛོད་ཁང་མེ་ལ་ཤོར་བས། བོད་དམག་ཚོའི་མདའ་མདེའུ་ཚར་ན་ཡང་། དཔའ་དམག་ཚོས་དཔའ་དམ་ཕྱར་ནས་དགྲ་བོར་དམར་འཛིང་བྱས། དབྱིན་ཇིའི་བཙན་འཛུལ་དམག་གིས་རྒྱལ་རྩེ་བཙན་གྱིས་བཟུང་སྐབས་དཔའ་དམག་མང་བོ་ཞིག་གིས་དགྲ་བོར་མགོ་མ་སྒུར་བར་གཡང་གཟར་བྲག་ལ་མཆོངས་ཏེ་རང་སྲོག་བློས་བཏང་བས། གཡང་གཟར་གྱི་བྲག་རི་དེ་ང་ཚོར་རྟག་བརྟན་གྱི་རྗེས་དྲན་དུ་བསྐྱུར་ཅིང་། འགྱུར་མེད་ཀྱི་རི་བོ་དེ་ང་ཚོའི་ལོ་རྒྱུས་ཀྱི་ཟིན་ཐོ་རུ་བཀོད།
རྒྱལ་རྩེ་ནས་བཙན་འཛུལ་བའི་སྒྱོགས་མདེལ་དང་མདེའུ་ཆར་བ་བཞིན་འབབ་དུས། གྲི་མདུང་བཟུང་བའི་བོད་དམག་ཚོར་གནམ་སྔོན་པོ་ལས་མཐོང་མཁན་མེད་ལ་ས་དོག་མོ་ལས་དཔུང་རོགས་མེད་ནའང་། ཕ་ཡུལ་གྱི་ལ་རྒྱ་དང་མི་རིགས་ཀྱི་བདེ་སྡུག་གི་ཆེད་དུ་དམར་བོའི་ཟུངས་ཁྲག་གིས་དཔའ་བོའི་སྙིང་སྟོབས་བྲིས་ཤིང་། གཅེས་པའི་ཚེ་སྲོག་གིས་ཞིམ་མེད་ཀྱི་རང་གཤིས་མངོན་པས། བཙན་འཛུལ་བྱེད་མཁན་གྱི་དགྲ་བོ་ཡང་ཧ་ལས་པར་གྱུར།
ང་ཚོ་རྒྱལ་རྩེར་ལྟ་སྐོར་དུ་འགྲོ་དུས་དབྱར་ཟླ་མཐའ་མ་ཡིན་པས། ང་རང་དཔའ་བོའི་མེ་ཏོག་ལ་མཇལ་བའི་སྐལ་བ་མ་བྱུང་མོད། ལོ་རྒྱུས་ལ་དགའ་བའི་དུངས་སེམས་དེའི་དབང་གིས་རྒྱལ་རྩེའི་རྫོང་རི་ལ་ལྟ་སྐོར་ཞིབ་མོ་ཞིག་བྱས། རྒྱལ་རྩེ་རྫོང་རི་ནི་དགའ་ལྡན་ཕོ་བྲང་གི་དུས་སུ་རྒྱལ་རྩེ་རྫོང་དཔོན་གྱི་སྡོད་གནས་ཡིན་ལ། བཙན་རྫོང་དེ་ནི་སྟར་བ་རེ་ལ་མཁར་བཅུ་སྐོར་ཡོད་པ་དང་། མཁར་གྱི་མཐོ་ཚད་ལ་ཐོག་སོ་གསུམ་ཙམ་ཡོད་པའི་ནང་དུ་རྫོང་དཔོན་གྱི་གཞིས་ཀ་དང་འདུ་ཁང་ཆེན་མོ། ལྷ་ཁང་། མཛོད་ཁང་སོགས་ཡོད་པ་ཚང་མ་བཙན་འཛུལ་དམག་འཁྲུག་གི་སྐབས་སུ་དགྲ་བོས་མེ་སྒྱོགས་བརྒྱབ་སྟེ་རྩ་མེད་དུ་བརླག དམག་འཁྲུག་གི་རྗེས་ཤུལ་དེ་ད་ལྟ་ཡང་མཇལ་རྒྱུ་ཡོད་པའི་རི་བོའི་ཁ་རྒྱུད་ཀྱི་ཞིག་རལ་དུ་གྱུར་པའི་མདའ་ར་དང་བདག་མེད་དུ་ལུས་པའི་མེ་སྒྱོགས་སོགས་ཀྱིས་སྐབས་དེའི་དམར་འཛིང་གི་འཇིགས་རྔམ་དང་དཔའ་བོའི་སྙིང་སྟོབས་དེ་མཚོན་ཡོད་ལ་བཙན་འཛུལ་བའི་གདུག་རྩུབ་དང་ཧམ་སེམས་ཀྱི་འདུན་པ་དེ་ཡང་མངོན་བཞིན་ཡོད།
༡༩༠༤ལོར་དབྱིན་ཇིའི་བཙན་འཛུལ་བས་སྨྱོ་ཧམ་ཆེན་པོས་མེ་སྒྱོགས་བརྒྱབ་སྟེ་ཡིད་འོང་གི་རྫོང་རི་རྡུལ་དུ་བརླགས་ཤིང་། བོད་དམག་ཚོའི་ཁྲག་དྲོན་རྐ་ཆུ་བཞིན་བཞུར་ན་ཡང་། དད་སེམས་བརྟན་པའི་བོད་དམག་ཚོས་བསྟན་དགྲ་མཐར་སྐྲོད་བྱ་ཆེད་དགྲ་བོར་དམར་འཛིང་བྱས་ཏེ། དཔའ་བོའི་གཏམ་རྒྱུད་མི་ཡུལ་ལ་བཞག ད་ལྟ་རྒྱལ་རྩེ་རྫོང་རི་བསྐྱར་བཞེངས་བྱས་ཡོད་པ་དང་། རྫོང་རིའི་སྟེང་དུ་དམག་འཁྲུག་ལ་རྗེས་དྲན་བྱེད་ཆེད་རྟེན་རྫས་བཤམས་མཛོད་ཁང་ཞིག་ཀྱང་བཞེངས་ཡོད་པས། ཕྱི་ནས་བལྟས་ན་རྫོང་རི་ལ་རྣམ་པ་གསར་བའི་བརྗིད་ཉམས་ཀྱིས་ཁེངས་མོད། ཞིབ་ཏུ་བལྟས་ན་བརྗིད་ཉམས་ཀྱི་ཁྲོད་ན་སྐྱོ་ཉམས་ཤིག་ཀྱང་མངོན་འདུག
དཔའ་བོ་གཡང་དུ་མཆོངས་བའི་བྲག་ཁར“གཡང་མཆོངས་དཔའ་བོ་ནམ་ཡང་མི་ནུབ་པར་གྱུར་ཅིག”ཅེས་པའི་རྡོ་བྱང་ཞིག་བསླངས་ཡོད་པ་དང་། དེའི་ཉེ་འགྲམ་གྱི་མདའ་རའི་ནང་དུ་ཟངས་ཀྱི་མེ་སྒྱོགས་གཉིས་རི་བོའི་གཤམ་དུ་གཏད་དེ་བཞག་ཡོད་ལ། དེའི་གོང་ཟུར་ཙམ་དུ་ཤིང་གིས་བཟོས་པའི་མེ་སྒྱོགས་ཤིག་ཀྱང་ཁ་ཐུར་དུ་གཏད་ནས་བཞག་འདུག ཤིང་གིས་བཟོས་པའི་མེ་སྒྱོགགས་དེ་ནི་གསོམ་པའི་སྡོང་དུམ་ཞིག་གི་ཁོག་བྲུས་ནས་སྒྱོགས་མདེལ་རྫོང་ས་བཟོས་ཡོད་པ་དང་། སྡོང་དུམ་དེའི་མགོ་རྔ་བར་གསུམ་དུ་ལྕགས་དཀྲིས་བརྒྱབ་ཡོད་ལ། སྒྱོགས་མདེལ་རྫོང་སའི་ཁར་དུ་དྲེགས་ཆགས་ཡོད་པ་དེ་ལས། བོད་མིའི་བློ་གྲོས་ཀྱིས་བསྐྲུན་པའི་སྒྱོགས་ཆེན་དེས་ཀྱང་མ་རུང་བའི་བཙན་འཛུལ་བར་རང་གི་ཟིལ་ཤུགས་ངོམ་པ་རྟོགས་ཐུབ། ཐང་གི་མེ་སྒྱོགས་དེ་གཉིས་ནི་གཤིབས་ནས་བཞག་ཡོད་ལ། མེ་སྒྱོགས་དེ་ནི་སྐབས་དེའི་བོད་དམག་ལ་མཚོན་ན་ཆེས་མཆོག་ཏུ་གྱུར་པའི་དེང་རབས་ཅན་གྱི་ལག་ཆ་ཡིན་པ་སྨྲ་ག་ལ་དགོས།
ཞིག་རང་དུ་གྱུར་པའི་མདའ་ར་དང་སྟོང་བར་ལུས་པའི་སྒྱོགས་སྟེགས་སོགས་ནི་རྒྱལ་རྩེའི་རི་སྟེང་གི་བསྐྱར་བཞེངས་བྱས་པའི་རྫོང་དང་བསྡུར་ན་མིའི་ཡིད་སེམས་འཕྲོག་ཐུབ་པ་ཞིག་མིན་ནའང་། ཞིག་རལ་དུ་གྱུར་པའི་མདའ་ར་དང་སྟོང་བར་ལུས་པའི་སྒྱོགས་སྟེགས་སོགས་ནི་དཔའ་བོ་ཚོས་མི་ཡུལ་འདིར་བཞག་པའི་མཐའ་མཇུག་གི་དཔའ་རྟགས་ཡིན་ལ། མེས་པོ་ཚོས་ལོ་ཟླར་བཀོད་པའི་རྟག་བརྟན་གྱི་བརྗེད་ཐོ་ཡང་ཡིན།
རྒྱལ་རྩེ་རྫོང་ནི་རི་བོའི་ཆགས་དབྱིབས་དང་བསྟུན་ནས་བསྐྲུན་ཡོད། མཁར་རྫོང་སོགས་རི་བོའི་ཆགས་དབྱིབས་དང་བསྟུན་ནས་བསྐྲུན་པ་འདི་ནི་བོད་མིའི་འཛུགས་སྐྲུན་འདུ་ཤེས་ཀྱི་རྣམ་པ་ཞིག་ཡིན་ལ། གནའ་བོའི་མཁའ་རྫོང་གི་དགྲ་འགོག་རང་སྲུང་གི་འཐབ་ཇུས་ཤིག་ཀྱང་ཡིན་པར་བཤད། རྫོང་རིའི་རྩེ་ཡི་ཁང་བའི་ཡང་སྟེང་ལ་བུད་ཚེ་རི་གཤམ་ནི་ལག་མཐིལ་དུ་བླངས་པ་དང་མཚུངས་པས། དེང་རབས་ཅན་གྱི་ལག་ཆ་མིན་ཚེ་གནའ་དུས་སུ་མཁར་རྫོང་ལ་རྒོལ་དཀའ་བར་གྲགས་ལ་དོན་གྱིས་ཀྱང་དེ་ལྟར་རེད། རྒྱལ་རྩེ་རྫོང་རིས་དཔལ་འཁོར་ཆོས་སྡེ་བསྐོར་ཞིང་དཔལ་འཁོར་ཆོས་སྡེ་རྒྱལ་རྩེ་རྫོང་རི་དང་འབྲེལ་ནས་ཡོད་ན་ཡང་། མདོ་དབུས་ཁམས་གསུམ་ནས་ཡོང་བའི་གནས་མཇལ་བ་ཚོས་དག་ཞིང་གི་ལམ་སྣེ་འཚོལ་ཕྱིར་རྒྱང་རིང་ནས་རྒྱལ་རྩེར་ཡོང་དོན་ནི་དཔལ་འཁོར་ཆོས་སྡེ་ལ་དམིགས་ནས་ཡོང་བ་ལས། དཔའ་བོའི་རྒྱལ་རྩེ་ནས་དཔའ་དམག་གི་སྙིང་སྟོབས་འཚོལ་ཕྱིར་ཡོང་བ་མིན་པས། རྒྱལ་རྩེའི་རྫོང་རི་ལ་མིག་ཞགས་ཙམ་ཡང་མི་འཕེན་པར་ཕྱིར་ལམ་དུ་ཆས་འགྲོ། དད་པ་ཁོ་ནས་བསླངས་པའི་མང་ཚོགས་ལ་ཅི་ཁག ཐ་ན་བོད་ཀྱི་ཤེས་ཡོན་ཅན་མང་བོ་ཞིག་ཀྱང་རྒྱང་རིང་ནས་རྒྱལ་རྩེར་བསླེབས་དུས་དཔལ་འཁོར་ཆོས་སྡེ་ལ་མཆོད་མཇལ་ཡིད་ཚིམས་པ་ཞིག་བྱེད་པ་ལས། དཔའ་བོའི་རྫོང་རི་ལས་མེས་པོ་ཚོའི་སྙིང་སྟོབས་འཚོལ་རྒྱུའི་ཆོད་སེམས་མེད་ལ། དམག་འཁྲུག་གི་འཐབ་ར་ལས་སྔོན་བྱུང་གི་ལོ་རྒྱུས་རྟོགས་འདོད་ཀྱི་འདུན་པ་ཡང་མི་འདུག
དཔལ་འཁོར་ཆོས་སྡེ་ནས་རྒྱལ་རྩེ་རྫོང་རིར་ལྟ་དུས། རྒྱལ་རྩེའི་རྫོང་ནི་ཁྱུང་ཆེན་གྱི་གཤོག་པ་བརྐྱངས་པ་དང་མཚུངས། ཁྱུང་ཆེན་གྱི་གཤོག་པ་བརྐྱངས་འདྲའི་རི་བོ་དེས་བོད་པའི་དཔའ་དམག་ཚོའི་སྙིང་སྟོབས་བསྣམས་ཡོད་ལ། ང་ཚོའི་མེས་པོ་ཚོའི་རེ་བཞག་ཀྱང་འཁུར་ཡོད་པས། དཔའ་བོའི་བུ་རྒྱུད་ཚོས་རི་བོ་དེ་ལས་ལོ་རྒྱུས་ཀྱི་བདེན་པ་དང་མ་འོངས་པའི་མདུན་ལམ་མཐོང་ཐུབ།
དབྱིན་འགོག་དམག་འཁྲུག་ལ་ཕམ་ཁ་ཐེབས་རྗེས་བཀའ་ཤག་གིས། མེ་མདའ་ཐོགས་པའི་བཙན་འཛུལ་བ་དང་མཉམ་དུ་ལྷ་སའི་ཆིངས་ཡིག་འཇོག་དུས་ཀྱི་མེས་པོ་ཚོའི་སེམས་ཁོང་གི་སྡུག་བསྔལ་དང་ཡིད་སེམས་ཀྱི་ན་ཟུག་དེ། ད་ལྟ་ཡང་ང་ཚོས་ལོ་རྒྱུས་ཀྱི་དེབ་ཐེར་དང་རྣམ་ཐར་རྟོགས་བརྗོད་སོགས་ལས་གསལ་བོ་རྟོགས་ཐུབ། མེས་པོ་ཚོར་སེམས་ཁོང་གི་སྡུག་བསྔལ་དང་ཡིད་སེམས་ཀྱི་ན་ཟུག་ཡོད་པས། དགྲ་བོར་ལུས་འབུལ་སེམས་འབུལ་མ་བྱས་པར་བཙན་འཛུལ་བར་ཞི་བའི་འཐབ་རྩོད་བྱས། ཞི་བའི་འཐབ་རྩོད་ནི་དམག་འཁྲུག་ལས་ཕམ་ཁ་མྱངས་པའི་མི་རིགས་ཤིག་ལ་མཚོན་ན། རང་ཉིད་སྲུང་སྐྱོབ་བྱེད་པའི་གོ་ཁྲབ་དང་། དགྲ་བོ་ཕམ་པར་བྱེད་པའི་ཐོག་མདའ་མ་ཡིན་ནམ། སྐབས་དེར་ང་ཚོའི་མེས་པོ་ཚོས་འཚེ་མེད་ཞི་བའི་ལམ་ནས་ཚོང་བས་བཙན་འཛུལ་བར་བཟའ་འབྲུ་མ་བཙོང་ལ། མི་དམངས་ཀྱིས་བཙན་འཛུལ་བར་གཡོག་གླ་མ་བརྒྱབ་པས། འཕྲུལ་གྱི་མེ་མདའ་ཐོགས་པའི་བཙན་འཛུལ་བ་ཚོ་ཡང་མཐོ་སྒང་འདིར་རྐང་འཛུགས་སའི་གཞི་མེད་པར་གྱུར། གཡོ་ལ་མཁས་ཤིང་སྒྱུ་ལ་བྱང་བའི་བཙན་འཛུལ་བས་བཙན་འཛུལ་གྱི་དམིགས་ཡུལ་འགྲུབ་ཆེད་གསེར་དངུལ་ལ་བརྟེན་ནས་མེས་པོ་ཚོར་བསླུ་བྲིད་བཏང་ནའང་ཕ་ས་ཕ་ཡུལ་དང་མི་རིགས་ཧྲིལ་བོའི་བདེ་སྡུག་དེ། རང་ཉིད་ལ་ཐོབ་པའི་བདེ་སྐྱིད་དང་གསེར་དངུལ་ལས་རིན་ཐང་ཆེ་བར་རྟོགས་པའི་མེད་པཕ་ཚོ། དགྲ་བོའི་ཟིལ་ཤུགས་ལ་དཔའ་མ་ཞུམ་ཞིང་དགྲ་བོའི་བསླུ་བྲིད་ཀྱིས་མེས་མ་གཡོས།
ང་ཚོའི་མེས་པོ་ཚོར་དེ་ལྟར་དཔའ་སྟོབས་དང་བློ་གྲོས་འཛོམས་པས། སྟོབས་ཆེ་བའི་དགྲ་བོར་འཚེ་མེད་ཞི་བའི་སྒོ་ནས་འཐབ་རྩོད་བྱས་ཏེ་མཇུག་མཐར་རྒྱལ་ཁ་བླངས་པའི་ལོ་རྒྱུས་དེ་ཁྱོད་ཀྱིས་བཀླག་མྱོང་ངམ། རྒྱལ་ཁ་དེའི་ཁྲོད་ན་ང་ཚོའི་མེས་པོ་ཚོའི་རྣམ་དཔྱོད་ཀྱི་བློ་གྲོས་ཡོད་ལ། ང་ཚོའི་མེས་པོ་དག་གི་ཞུམ་མེད་ཀྱི་སྙིང་སྟོབས་ཀྱང་ཡོད་པས། ད་ལྟའི་ང་ཚོའི་རྗེས་རབས་པ་ཚང་མས་མེས་པོ་དག་གི་ཟླ་མེད་ཀྱི་བློ་གྲོས་དང་ཞུམ་མེད་ཀྱི་སྙིང་སྟོབས་རྟོགས་རྒྱུ་ནི་ཇི་འདྲའི་གལ་ཆེ་བ་ལ་ཨང་།