ལྷ་རྟ་རྐྱང་རྒོད་ཀྱི་བཤད་པ།
ང་ཇོ་རུ་ལ་ལྷ་ནས་བྱིན་པའི་རྐྱང་རྒོད་ནི་ལོན་བྱུང༌། ད་གླིང་ལ་འགྲོ་བས་ཆོག ལར་ངེད་མ་བུ་ལ་རྟ་ཡི་རྒྱུས་ཆེར་མེད། ཁྱོད་སྐྱ་ལོ་བུ་མོ་ཡོ་མ་ཁྱུ་དགུའི་བདག་པོ་གླིང་ཕུ་ནུའི་ལས་སུམ་ཅུའི་ཆ་རྒྱུས་ཁྱོད་ལ་ཡོད་པས་ང་ཡི་རྟ་འདི་རབ་འབྲིང་ཐ་མ་གང་ཡིན། ཕུ་ནུའི་ལས་རྟ་ནང་གི་གྲལ་དུ་བཙུད་ལོ་ས་ཨེ་འདུག སྤྱིར་རྟ་ལ་ཡོན་ཏན་ཅི་ཡོད། ལྷག་པར་རྐྱང་རྒོད་འདི་ཡི་བཟང་ངན་ཇི་འདྲ་བ་ཞིག་བརྗོད་པའི་རྟ་བཤད་གྱིས་དང་གསུངས་པས། འབྲུག་མོས་རྟ་ཡི་ལོ་རྒྱུས་དང་ལྷ་རྟའི་ཡོན་ཏན་བཤད་པའི་གླུ་འདི་དགུ་སེང་དྲུག་འགྱུར་ལ་དྲངས་ནས་ཕུལ་ལོ། ཨ་ལ་ཨ་ལ་ཨ་ལ་རེད། ཐ་ལ་ངག་གི་འགུག་ལུགས་རེད། སྐྱབས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། མི་འབྲལ་སྤྱི་བོའི་རྒྱན་དུ་བཞུགས། དེ་རིང་ང་ལ་སྡོང་གྲོགས་མཛོད། གླུ་བླངས་ཚད་ཆོས་ལ་འགྱུར་བར་ཤོག དེ་ནས་འགོག་མོའི་ལྷ་སྲས་ལགས། གསོན་དང་ཞུ་རྒྱུ་འགའ་རེ་ཡོད། །འཇིག་རྟེན་བོད་ཀྱི་གཏམ་རྒྱུད་ལ། ལྷ་བླ་མའི་ཡོན་ཏན་མ་ཤེས་ན། ཕྱག་བཀུར་སྟི་རྡོ་ལ་སྣུམ་བྱུག་འདྲ། བཀའ་མདོ་རྒྱུད་སེམས་དང་མ་འདྲེས་ན། ཆོས་དཔེ་ཀློག་ནེ་ཙོའི་འདོན་པ་འདྲ། མི་རང་གི་སྐྱེ་རྒྱུད་མ་ཤེས་ན། ནགས་མཐའ་མེད་འཁྱམས་པའི་སྤྲེའུ་འདྲ། རྒྱུ་དངོས་པོའི་རིན་ཐང་མ་ཤེས་ན། མི་རྒྱུས་མེད་ལམ་གོལ་སོང་བ་འདྲ། རྟ་འདོ་བའི་མཚན་ཉིད་མ་ཤེས་ན། རྟ་ཡོད་ཚད་འདོ་ཆེན་ཟེར་ལེ་མིན། །རྟ་འདོ་བའི་རིགས་ལ་རྣམ་བཞི་ཡོད། འདོ་བ་བེག་ཏོ་མུ་ཁེངས་གསུམ། གྱི་ལིང་འདི་དང་རྣམ་བཞི་ཡིན། འདོ་བའི་རིགས་དེ་རིང་ན་བཟང༌། བེ་གཏོའི་རིགས་དེ་གར་ན་བཟང༌། མུ་ཁེངས་རིགས་དེ་སྦམ་ན་བཟང༌། གྱི་ལིང་རིགས་དེ་ཡང་ན་བཟང༌། རྟ་འདོ་ཆེན་མཁའ་ལ་ཉི་ཤར་འདྲ། ཕྱོགས་བཞི་དག་ནས་བརྩིགས་པ་འདྲ། འདོ་ཕྲན་དར་སྐུད་འཐེན་པ་འདྲ། ཕྱི་ལྷོད་ནང་ནས་གྲིམ་པ་ཡིན། འདོ་ཆུང་ལྕགས་ཀྱི་གླང་བུ་འདྲ། ཤུན་སྲབ་དཀྱུས་ཐག་རིང་ལ་ཟེར། གདོང་པའི་རིགས་ལ་རྣམ་གསུམ་ཡོད། རྟ་རབ་ཁྱུང་གི་གདོང་པ་དགོས། །རྟ་འབྲིང་ཚེ་ཚེ་ར་གདོང་ཡོད། ཤྭ་བའི་གདོང་དེ་ཐ་མ་ཡིན། སྒྱིད་པ་འདི་ལ་རྣམ་གསུམ་ཡོད། བ་སྒྱིད་ཤ་སྒྱིད་ར་སྒྱིད་གསུམ། རབ་འབྲིང་ཐ་མའི་རྟ་ལ་འོང༌། རྟ་སོ་འདི་ལ་རིགས་བདུན་ཡོད། རྐྱལ་སོ་སྦུབས་ཆེན་དེ་དང་གཅིག བ་སོ་བྲེ་ག་དེ་དང་གཉིས། ལུག་སོ་དཀར་ཆུང་དེ་དང་གསུམ། འདི་གསུམ་སོ་ཡི་བཟང་གསུམ་ཡིན། སྟག་སོ་རྔམ་པ་དེ་དང་གཅིག རྔ་སོ་འཕྱང་བུ་དེ་དང་གཉིས། ཕག་སོ་འཇུར་བུ་དེ་དང་གསུམ། འདི་གསུམ་སོ་ཡི་ངན་གསུམ་ཡིན། རྐྱང་སོ་སྦུབས་ཆུང་འབྲིང་པོ་ཡིན། །སྤུ་རིགས་མི་འདྲ་རྣམ་ལྔ་ཡོད། རྩུབ་རིང་ཤྭ་བའི་སྤུ་དང་གཅིག རྩུབ་ཐུང་སྟག་གི་སྤུ་དང་གཉིས། འདི་གཉིས་སྤུ་ཡི་བཟང་ཤོས་ཡིན། འཇམ་རིང་ཝ་ཡི་སྤུ་དང་གཅིག འཇམ་ཐུང་དྲེད་སྤུ་ངན་གཉིས་ཡིན། འཇམ་མེད་རྩུབ་མེད་བོང་བུའི་སྤུ། རྟ་འབྲིང་རིགས་ལ་འོང་ལེ་ཡིན། རྨིག་པའི་རིགས་ལ་བདུན་ཡོད་ཏེ། མཐོ་ལ་ཡག་པ་བསེ་ཕོར་འདྲ། ཁ་ཟད་ཟངས་ཀྱི་འདབ་མ་ཅན། གཟར་ཐུང་ལྕགས་ཀྱི་མཆེ་བ་ཅན། འདི་གསུམ་རྨིག་པའི་བཟང་གསུམ་ཡིན། སྐུམ་སྐུམ་གཤོང་མེད་དེ་དང་གཅིག འོར་འོར་ཁ་མེད་དེ་དང་གཅིག ཕྱ་ལ་རྗེས་མེད་དེ་དང་གསུམ། དེ་གསུམ་རྨིག་པའི་ངན་གསུམ་ཡིན། ཡོ་བཞི་དྲང་གསུམ་འབྲིང་པོའི་རྨིག ལ་ཆེན་རྟ་ལ་ཨག་རྩེར་དགོས། སྟོད་ཀྱི་ཨག་རྩེར་སྟག་རུས་ཡིན། སྟག་རུས་འཁོར་མར་བཟང་ན་དགའ། བར་གྱི་ཨག་རྩེར་སྒལ་ཚིགས་ཡིན། སྒལ་རུས་ཚིགས་གསུམ་སྒུར་ན་བཟང༌། སྨད་ཀྱི་ཨག་རྩེར་རྨིག་པ་ཡིན། རྨིག་པ་ཆེ་ཞིང་མཐུག་ཐུང་དགོས། ལར་རྣ་བའི་ལྟག་ལ་མགོ་ཡིན་ཏེ། མཐོ་བ་ལས་ཀྱང་དམའ་ན་བཟང༌། རྔ་མའི་ལྟག་ལ་འཕོང་ཡིན་ཏེ། དམའ་བ་བས་ཀྱང་མཐོ་ན་བཟང༌། གླ་སྙིང་སྦྲུམ་མའི་བུ་རིས་དེ། འབུར་བ་བས་ཀྱང་བདལ་ན་བཟང༌། ཀླད་མདིལ་ཅོག་ལ་མཐུག་པ་དེ། དམའ་བ་བས་ཀྱང་མཐོ་ན་བཟང༌། རྔོག་ཆུང་དར་དཀར་ལྡེམ་པ་དེ། ཐུང་བ་བས་ཀྱང་རིང་ན་བཟང༌། ཟིལ་ཕུར་དགུང་གི་ཀ་བ་དེ། དམའ་བ་བས་ཀྱང་མཐོ་ན་བཟང༌། མགུལ་པ་དར་གྱི་དཔྱང་ཐག་དེ། ཐུང་བ་བས་ཀྱང་རིང་ན་བཟང༌། ནམ་མཚོང་གློ་བའི་བཞུགས་གནས་དེ། ཆེ་བ་བས་ཀྱང་ཆུང་ན་བཟང༌། ཕྱི་རྩིབས་མཁལ་མའི་བཞུགས་ཡུལ་དེ། ཞམ་པ་བས་ཀྱང་འཕར་ན་བཟང༌། འཕང་ནས་རྩིབས་གྲལ་འཛོམས་པ་བཟང། གློ་བ་དབུགས་སྣོད་ཡང་ན་དགའ། མཆིན་པ་ཁྲག་སྣོད་ཆུང་ན་དགའ། ལོང་ཀ་རྩ་སྣོད་ཆེ་ན་དགའ། མཚེར་པ་ཁྲག་སྣོད་སྦྱངས་ན་དགའ། དེ་འདོ་ཆེན་རྟ་ཡི་སྣོད་བཞི་ཡིན། ཆེ་ཆེའི་མགོ་ལ་ཞྭ་གཅིག་དགོས། མགོ་རྣ་བ་བཟང་ན་ཞྭ་དང་འདྲ། ཆུང་ཆུང་རྐང་ལ་ལྷམ་གཅིག་དགོས། ཚིག་འགུལ་རྨིག་བཞི་ཆེ་ན་དགའ། བཅུ་དྲུག་གང་གི་ཡང་སྟེང་ན། བྲེ་གང་ནས་ཀྱི་བཀོད་ས་དགོས། ལྟ་ཉན་བར་དེར་གསང་གཅིག་དགོས། ཕུད་སྣའི་བར་དེར་དོག་གཅིག་དགོས། ཟིལ་སོག་བར་དེར་གསང་གཅིག་དགོས། ལྷུ་བཞི་བརྩིགས་པ་འདྲ་བ་དགོས། ད་ར་བཞི་བསྒྲད་པ་འདྲ་བཟང༌། ད་བྱང་མ་རྒྱུག་པའི་རྟ་ལྔ་ཡོད། ཁྲ་བྲང་གཡག་སོག་སེང་གེ་འགྱིང༌། བྱང་ཁའི་རྐྱང་ལ་རྒྱུ་ལྕག་བྱེད། ཟིལ་མཐོན་སྟོན་གཡག་འཇོར་མགོ་མ། དགོང་གསུམ་འབྲང་བུ་ཞགས་པས་བཟུང༌། སྒུར་བ་སྦམ་པོ་ཐེར་ཞིང་ཅན། སྲབ་ཀྱི་ཝ་མོ་འགྲམ་ལྕག་བྱེད། ཡོག་མགོ་ཐིལ་སྣ་བྲ་བོ་མིག གོང་ཁའི་རི་བོང་སྦར་བཟུང་བྱེད། རོག་འཛང་བྱི་སྟག་འཕར་མ་དེས། ས་ཚོད་ནམ་མཁའི་སྤྲིན་ལ་བཙུགས། དེ་བྱང་མ་རྒྱུག་པའི་སྤུན་ལྔ་རེད། བརྒྱ་འབྱམས་འུག་པ་འབེལ་པོ་དང༌། སྟོང་འབྱམས་གྲུ་གུ་འབེར་ཤེས་དང༌། ཁྲི་འབྱམས་གར་བ་རྐང་རིང་དང༌། འབུམ་རྫ་ཚངས་པའི་འབུམ་ལྡིང་བཞི། དེ་ལ་འབྱམས་པ་སྤུན་བཞི་ཟེར། ད་རུང་དེ་ཡིས་མི་ཚད་པའི། རྟ་རབ་རེ་རེའི་མགོ་བོ་ལ། སེམས་ཅན་བདུན་གྱི་མགོ་རྣ་སྲིད། །བྲེ་སེ་འབྲོང་གི་དཔྲལ་ཞིང་དང༌། རུས་སྦལ་རྒྱ་བོའི་མིག་ཕམ་ལ། ཞེ་སྡང་སྦྲུལ་གྱི་མིག་འབྲས་དང༌། སེང་གེ་དཀར་མོའི་སྣ་ཁུང་དང༌། དམར་ཡག་སྟག་མོའི་ཁ་ཤ་དང༌། རྣ་བ་རྒོད་ཀྱི་ཐུལ་ཕྲན་དང༌། འཇུ་རུ་ཤ་བོའི་མ་ནེ་སྟེ། སེམས་ཅན་བདུན་གྱི་མགོ་རྣ་དེ། རྐྱང་བུ་འདི་ལ་ཚང་ནས་འདུག ད་རུང་དེ་ཡིས་མ་ཚད་པའི། རྟ་རབ་རེ་རེའི་ལུས་ཕུང་ལ། ཤ་ཡི་འགྱུར་བུ་བཅོ་བརྒྱད་སྲིད། ཤ་རྒོད་ཕོ་རོག་མཇིང་བསྣོལ་དེ། དཔྲལ་པའི་ཐོག་ཏུ་འོང་ལེ་ཡིན། །སྟག་མོ་སྐེ་བསྣོལ་ལྟག་པའི་ཐོག གྲོད་པ་ཆུ་བླུག་འགྲམ་པའི་ཐོག ཉ་རོ་འདྲ་བ་མགུལ་པའི་སྟེང༌། སོག་ལེ་འདྲ་བ་སྐེ་མཇིང་ལ། གཡག་སོག་བཀས་འདྲ་སོག་པའི་སྟེང༌། །སྦལ་རོ་འདྲ་བར་ལག་རྩིབས་བར། ཟླ་བ་ཚེས་འདྲ་དཔུང་པའི་སྟེང༌། གསེར་སྐུད་གདབ་འདྲ་ལག་ངར་ཐོག སྦྲུལ་ནག་རྒྱུག་འདྲ་སྒལ་ཚིགས་སྟེང༌། གསེར་རྩིབས་སྦུབ་འདྲ་སྒ་ཞབས་ལ། གཡུ་འབྲུག་ཁུང་འཛུལ་སྒ་འཆན་ཐོག བལ་ཕུང་འདྲ་བར་སྤྱི་ཡི་ཐོག ཕག་སྦྲུལ་ཚོང་ཉལ་བརླ་ལ་འོང༌། །ནས་སྒྱེ་ལྟ་བུ་རྗེ་ངར་སྟེང༌། །གྲུ་གུ་སྒོང་འདྲ་བརླ་བཞག་ནང༌། གཙང་སྦུབས་བགོས་འདྲ་རྒྱུ་ཞབས་འོང༌། ཤ་རྒོད་མཛུབ་མོ་ལྟ་བུ་དེ། རྔ་གདོང་ནང་དུ་འོང་ལེ་ཡིན། དེ་ཤ་ཡི་འགྱུར་བུ་བཅོ་བརྒྱད་ཟེར། རྐྱང་བུ་འདི་ལ་ཚང་ནས་འདུག ད་རུང་དེ་ཡིས་མ་ཚད་པའི། ཀླད་འདིས་ཅོག་ལ་མཐུག་པ་དང༌། འགྲམ་རུས་བསྐྱེད་པ་འདྲ་བ་དང༌། འཐུག་ཁྱིམས་སོར་གསུམ་འཕར་བ་དང༌། ལན་ཐོབ་ཐལ་མོ་འདྲ་བ་དང༌། མགོ་བཏགས་སྐེ་མགུལ་ཕྲ་བ་དང༌། ལུས་བཏགས་མཇིང་པ་སྦོམ་པ་དང༌། སོག་རུས་སྲབ་ལ་ཡངས་པ་དང༌། དཔུང་པ་ཐུང་ལ་ཉལ་བ་དང༌། ལག་ངར་གཤན་ལ་འཁྱུག་པ་དང༌། སྒ་ཁྱིམ་ཅུང་ཙམ་གྱེས་པ་དང༌། སྒལ་བུ་ཚིགས་གསུམ་སྒུར་བ་དང༌། རྩིབས་མ་སྒྲོ་བཞིན་སྐྱེས་པ་དང༌། དཔྱི་ནི་དབྱིབས་ཀྱི་རིང་བ་དང༌། བརླ་ཐུང་བརླ་མགོ་ཆེ་བ་དང༌། རྗེ་ངར་དྲངས་ལ་སྒྱིད་པ་གུག སུག་སྐམ་བཞི་ནི་རིང་བ་དང༌། ཚིགས་འབུར་བཞི་ནི་ཐུང་བ་དང༌། རྔ་སྙིང་སྦོམ་ལ་ཐུང་བ་དང༌། རུས་པའི་དཔའ་བོ་ཉི་ཤུ་རེད། རྟ་རབ་རེ་ལ་ཚང་བས་ཟེར། རྐྱང་བུ་འདི་ལ་འཛོམས་ནས་འདུག དེ་ཚོ་རྟ་ཡི་སྤྱི་བཤད་ཡིན། དེ་ནས་ལྷ་རྟ་རྐྱང་རྒོད་འདི། མཛེས་འདོད་འཇའ་ཚོན་ཀྱི་ལི་ལི། རྒྱུག་འདོད་འགྲོས་ཁ་ལམས་སེ་གདའ། རྟ་མགྲིན་དབང་གི་སྤྲུལ་པ་རེད། རྟ་རྐྱང་དཀར་མ་རེད་རྐྱང་དམར་རེད། པདྨ་ར་གའི་སྤུ་མདོག་རེད། རྟ་ལུས་སྤུ་མདོག་དམར་པོ་ལ། དབང་ཆེན་དབང་གི་ལྷ་ཚོགས་འཁོར། རྔ་རྔོག་གནག་ཅིང་འཚུབ་པ་ལ། ཚར་གཅོད་དྲག་པོའི་ལྷ་ཚོགས་འཁོར། སོ་མཚུལ་རབ་དཀར་ཟླ་མདངས་ལ། ནད་གདོན་ཞི་བའི་ལྷ་ཚོགས་འཁོར། སྦོ་ཞབས་སེར་ལ་སྣུམ་པ་ལ། ཚེ་བསོད་རྒྱས་པའི་ལྷ་ཚོགས་འཁོར། རྣ་རྩེ་རྒོད་ཀྱི་ཐུལ་ཕྲན་ལ། གསལ་བྱེད་སྒྲོན་མེའི་སོ་པ་འཁོར། དཔུང་པ་རླུང་གི་འཁོར་ལོ་ལ། ཚེ་ལ་དབང་བའི་དགྲ་ལྷ་འཁོར། རྨིག་བཞི་ལྕགས་ཀྱི་འདབ་མ་ལ། བདུད་བཞི་འདུལ་བའི་དགྲ་ལྷ་འཁོར། མདོ་རྗེ་རྐྱང་རྒོད་འཕེལ་པོ་འདིས། འཁོར་འདས་མངའ་དབང་བསྒྱུར་བའི་རྟགས། མགོ་འཕང་མཐོ་ལ་མཛེས་པ་དེ། དཀོན་མཆོག་དབུ་འཕང་བསྟོད་པའི་བརྡའ། ལུས་བོང་ཀུན་དང་མཐུན་པ་དེ། བྱང་སེམས་རྒྱུད་ལ་འབྱོངས་བའི་བརྡའ། རྔ་རྔོག་མཐུག་ལ་རིང་བ་དེ། སྤྲུལ་པ་རྒྱུན་ཆད་མེད་པའི་བརྡའ། སྤྱན་འབྲས་གསལ་ཞིང་འཚེར་བ་དེ། ཆོས་ཉིད་མངོན་སུམ་མཁྱེན་པའི་བརྡའ། །དེའང་ཟུང་དུ་ཡོད་པ་དེ། །མཁྱེན་ཡུལ་འཁོར་འདས་ངེས་པའི་བརྡའ། རྣམ་པ་མཚུངས་ཞིང་འདྲ་བ་དེ། དོན་ལ་དབྱེར་མེད་སྟོན་པའི་བརྡའ། རྣ་མཆོག་ཟུང་ནི་མཛེས་པ་དེ། །བདེན་གཉིས་ལམ་དང་བསྟུན་པའི་བརྡའ། མགོ་བོ་གཅིག་ལ་འཚོགས་པ་ནི། །ངོ་བོ་གཅིག་ཏུ་འདུས་པའི་བརྡའ། དབང་པོ་དྲུག་གིས་བརྒྱན་པ་དེ། ཕྱིན་དྲུག་སྤྱོད་པ་སྐྱོངས་བའི་བརྡའ། རྨིག་བཞི་རྩེ་བྲོ་བརྡུང་བ་དེ། བསྡུ་བཞིའི་འགྲོ་དོན་སྐྱོངས་བའི་བརྡའ། སྦོ་ཞབས་སེར་ལ་དཀར་བ་དེ། འཁོར་བའི་སྐྱོན་གྱིས་མ་གོས་བརྡའ། རེས་འགའ་གནམ་ལ་འཕུར་བ་དེ། གང་སྣང་སྒྱུ་མར་རོལ་པའི་བརྡའ། མི་ལ་བརྩེ་ཞིང་འཁྲི་བ་དེ། མཁྱེན་བརྩེས་འགྲོ་ལ་གཟིགས་པའི་བརྡའ། ཞགས་པས་བཟུང་དུ་གཏུབ་པ་དེ། ཕྲིན་ལས་རྟག་ཏུ་རྒྱས་པའི་བརྡའ། སྐྱེས་བུས་ཞོན་ན་ཁུར་བ་དེ། འགྲོ་ཀུན་ཐར་ལམ་འདྲེན་པའི་བརྡའ། གོམ་འགྲོས་བདེ་ལ་མགྱོགས་པ་དེ། ཐབས་མཁས་འགྲོ་དོན་འགྲུབ་པའི་བརྡའ། དེ་མིན་དུད་འགྲོ་རྟ་ཕོ་ལ། བཤད་པ་འདི་འདྲ་མི་འོས་ཏེ། རྟ་ལྷ་རྐྱང་བུ་ཁ་དཀར་ལ། དོན་དང་མཐུན་པའི་བསྟོད་པ་རེད། ཨ་ཙི་སྣང་བ་བདེ་ཞད་ལ། མ་ཚད་རྐྱང་བུའི་མཚར་རྒྱུ་དེ། གླིང་དཀར་བྱ་རྟ་སུམ་ཅུའི་ནང༌། གདོང་བཙན་གཡུ་བྱ་རྟིས་སྔོན་ལ། མཁའ་ལྡིང་ཁྱུང་གི་རྩལ་ཡོད་ཟེར། ཡོད་ཀྱང་ངོ་མཚར་ཆེ་རྒྱུ་མེད། དུད་འགྲོ་མཁའ་རྒྱུས་ཡོན་ཏན་རེད། འདན་མའི་དངུལ་ཕྲུག་ལྡན་པ་དང༌། སྟག་རོང་གུ་གུ་རོག་རྫོང་གཉིས། གཏམ་ལེན་འཕྲོད་པའི་རྟ་གཉིས་ཟེར། ཀུན་གྱིས་ངོ་མཚར་ཆེ་ཟེར་ཀྱང༌། དེ་ལ་ངོ་མཚར་ཆེ་རྒྱུ་མེད། སྨྲ་མཁས་དུད་འགྲོ་གཞན་ཡང་ཡོད། སེང་སྟག་སྟོང་རི་དར་འཇམ་དང༌། རྒྱ་ཚའི་རྒྱ་བྱ་སོག་དཀར་དང༌། སྤྱི་དཔོན་ཤ་རྐྱང་དྲེལ་མགོ་སོགས། ཅང་ཤེས་ཡོན་ཏན་ཚང་ནའང༌། དེ་ལ་ངོ་མཚར་མི་ཆེ་སྙམ། ཕྱི་ལུས་ནང་གི་རྣམ་རྟོག་བཅས། དུད་འགྲོའི་ཆོས་ལས་མ་འདས་འདུག ཕྱི་ནི་བྱོལ་སོང་རྟ་ཡི་ཚུལ། ནང་ན་སངས་རྒྱས་དགོངས་པ་ཅན། རྟ་མགྲིན་དབང་གི་སྤྲུལ་པ་རེད། མཇལ་ན་ངན་སོང་སྐྱེ་སྒོ་ཆོད། ཞོན་ན་ཞི་བའི་གྲོང་དུ་ཁུར། དེ་འདྲའི་རྟ་མཆོག་རྐྱང་བུ་འདི། དེ་རིང་མཇལ་བ་ངོ་མཚར་ཆེ། ད་རུང་དེ་ཡིས་མི་ཚད་པའི། རྟ་འདི་རི་ནས་མཐོང་བའི་ཚེ། བཟུང་མི་ལྷ་ཀླུ་གཉན་གསུམ་རེད། བཟུང་ཐག་འཕྲུལ་གྱི་ཞགས་པ་རེད། གནམ་ལ་འཕུར་བའི་གཤོག་པ་ཅན། ས་ལ་འབབས་པའི་རྨིག་པ་ཅན། སྒོ་ན་འདུག་པའི་གཡུང་དལ་ཅན། འདི་འདྲའི་རྟ་ཞིག་ཡོད་པས་ན། འཕུར་ན་བྱ་ལམ་ཟིན་ལུགས་ལ། །མཁའ་ལྡིང་ཁྱུང་གིས་འགྲན་མེད་རེད། རྒྱུག་ན་བང་རྩལ་མྱུར་མགྱོགས་ལ། གླིང་རྟས་འགྲན་པ་དཀའ་མོ་རེད། མགྱོགས་དར་ལག་པའི་མཐིལ་ན་གདའ། ད་མ་བཞུགས་ཇོ་རུ་གླིང་ལ་བྱོན། རྟ་འདོ་བའི་ཁྲོམ་ཐོག་གཅད་རྒྱུ་གྱིས། བུ་ཇོ་རུས་གདན་ས་འཛིན་རྒྱུ་གྱིས། །གླུ་གསན་ན་སྙན་གྱི་རྒྱན་དུ་མཆོད། མ་གསན་གླུ་ལ་འགྲེལ་བ་མེད། བུ་ཇོ་རུའི་ཐུགས་ལ་དེ་ལྟར་ཞོག ཟེར་ནས་འབྲུག་མོ་དེའང་སྔོན་གྱི་ལས་འཕྲོ་སད་པས་རྟའི་ཡོན་ཏན་ཚུལ་བཞིན་རྟོགས། ཇོ་རུ་རྫུ་འཕྲུལ་ལ་དབང་འབྱོར་བར་ཤེས་ཀྱང་སྐྱེ་ངན་ལུས་ངན་དུ་ཡོད་པར་སྤྲུལ་པ་ཡིན་པར་མ་ཤེས་ནས། སྐྲ་བདག་དེ་གདོང་བཙན་ལ་བྱུང་ན་བསམས་ཀྱང༌། ཇོ་རུ་མི་རྟ་ལས་བདག་པོ་མི་འདུག་སྙམ་པའི་བློ་ཐག་རྦད་ཀྱིས་ཆོད། དེ་ཡན་རྟ་བཟུང་གི་སྐོར་ཅང་ཤེས་རིན་ཆེན་ལྟ་བུའི་གཏམ་ཚོ་འཆད་པའི་སྐབས་ཏེ་གསུམ་པའོ། དེ་ནི། དབང་ཆེན་ཅང་ཤེས་དམར་པོར་སྣང་བ་ཡི། རྫུ་འཕྲུལ་རྐང་པ་འཕྲུལ་གྱི་ཞགས་པས་དགུག ཞེས་པའི་དོན་རྟ་མགྲིན་པདྨ་དབང་ཆེན་གྱིས་སྤྲུལ་པ་ཅང་ཤེས་དམར་པོའམ་རྐྱང་རྒོད་རི་ནས་ལྷ་ཀླུ་གཉན་གསུམ་མི་དང་བཅས་པས་འཕྲུལ་གྱི་ཞགས་པས་བཟུང་ནས་རྫུ་འཕྲུལ་གྱི་རྐང་པ་ལ་དབང་འབྱོར་བའི་ཚུལ་འཆད་ཟིན་ཏོ། རྟ་རྒྱུགས། ༡༠༠ ༡༡༠