ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> ཚངས་དབྱངས་ཞིབ་འཇུག
རྩོམ་ཡིག་ཀློག་པ།

ཚངས་དབྱངས་རྒྱ་མཚོ། ༼མཉམ་བྲིས།༽

རྩོམ་པ་པོ:རྫ་སྐྱེས་ཕུར་བ་སོགསཡོང་ཁུངས:མཚོ་སྔོན་པོ།གཟིགས་གྲངས:8811ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/10/26 23:35:51ཚོགས་ཡར་སྤྲོད:admin
ཚངས་དབྱངས་རྒྱ་མཚོ། ༼མཉམ་བྲིས།༽

— སྙན་ངག་གི་ལམ་སྦྱོང་དུ་དམིགས་ཏེ་རྫ་ཆུའི་རླབས་སྒྲའི་སྐད་ཚོམས་སྟེང་སྤེལ་བའི་སྙན་ངག་འགའ།
ཚངས་དབྱངས་རྒྱ་མཚོ།

ཁུ་སིམ་པ།

སྣང་བ་ཚོར་བར་འགྲོགས་སྟེ་རི་ལ་ཤོར།།
རི་ཡི་བྲག་ཕུག་ཅིག་ལ་སེམས་པ་གླན།།
སེམས་ཀྱི་སྲུབས་ལ་དྲན་པའི་སྣང་བ་འཆར།།
མཚན་གྱི་ཟླ་བ་གྲོགས་པོའི་གཤིས་སུ་སྒོམ།།

དབུས་ཀྱི་བར་སྐོར་ཁྲོམ་རའི་སྲིང་ལམ་ནས།།
དུངས་བའི་སྨུ་ཐག་པོ་ཏ་ལ་རུ་བསྲེངས།།
བརྩེ་བའི་ཨ་ཅག་དབུས་མོའི་སེམས་ངོས་ལ།།
སྤྲིངས་བའི་བརྡ་ཡིག་ཕྲ་མོ་ག་ཙམ་གདའ།།

དབེན་པའི་རི་ནས་སྟོང་བའི་མགུར་ཞིག་བཞེངས།།
བརྩེ་བའི་གླུ་ཆུང་མགྲིན་པའི་གཏིང་ལ་ཆགས།།
ཡར་ཀློང་གཙང་བོའི་རྦ་རླབས་རེ་རེ་ན།།
བྱམས་པར་འཁྲེང་བའི་བརྩེ་བ་ག་ཙམ་སྦས།།

མི་ཚེ་སྐྱིད་ལ་རེ་བའི་རྒྱབ་གཟུགས་ན།།
སུས་ཀྱང་བཤད་དུ་མེད་པའི་གྲིབ་ཡོལ་ཞིག།
ཁོ་ཉིད་འཇིག་རྟེན་འདི་ནས་འགྲོ་ས་ན།།
མི་ཚེ་གང་དུ་འཁྲིད་པའི་འཆལ་གཏམ་ཞིག།

རི་བོའི་འཕྲེད་ན་འཆལ་གྱི་རྐང་ལམ་ཞིག།
ཆུ་བོའི་འགྲམ་ན་མགུར་གྱི་གདེངས་དབྱངས་ཤིག།
ལྷ་སའི་གྲོང་ན་བརྩེ་བའི་སྙན་ཐུང་ཞིག།
འཆལ་པོ་གང་དེ་ནགས་ཀྱི་བྱེ་འུ་ཞིག།

སྟོང་བའི་གཟན་ལྕེ་རླུང་དམར་ཁྲོད་ན་ཟེགས།།
ཡིད་ཀྱི་སྒོམ་པ་ཆར་བའི་འོག་ན་སྦང་།།
སྣང་བ་ལྷ་འདྲེ་སྟོང་གི་ཚོགས་ར་ན།།
མ་སྐྱེས་ཨ་མ་བརྩེ་བའི་མཁའ་འགྲོ་ཞིག།

ཚངས་དབྱངས་རྒྱ་མཚོ།

མེས་བུ།

དྭངས་མའི་དབྱངས་འགྲོས་ལ་བརྒྱུས་པའི་མགུར་ཆུང་སྙན་མོ།།
སྐྱིད་ཆུའི་ཉེར་འགྲམ་ན་ལུས་པའི་གཉུག་མའི་སེམས་བྱུང་།།
ཚོར་བའི་གཏིང་རུམ་ནས་སྨིན་པའི་བཅོས་མིན་བརྩེ་གླུར།།
གཞོན་གཞོན་སྣང་བ་དེ་ངོ་མ་འཁྲི་དགོས་བདོག་པ།།

གཙང་བོའི་འགྲམ་ངོགས་ལ་གཏོར་བའི་དབྱངས་རྟ་སིམ་པོ།།
སྲིད་པའི་རི་སུལ་ན་ད་དུང་སྙན་སྙན་བདོག་པ།།
ཆང་རག་དམ་གང་གི་ངད་དང་བསྡེབས་ནས་བཏུང་འདོད།།
མིད་པ་འགུལ་འགུལ་གྱི་མི་ཚོགས་ཉུང་ཉུང་མིན་འགྲོ།།

རིག་འཛིན་ཚངས་རྒྱམ་ནི་བརྩེ་བའི་དམ་བུ་ཆུང་ཆུང་།།
ངག་གི་མགུར་ཆུང་དེ་བཅུད་ལྡན་ནས་ཆང་ཁམ་པ།།
ཞབས་བཏགས་གནང་མཁན་གྱི་དབུས་ཀྱི་ཨ་ཅག་སེམས་མཐུན།།
བཟི་ཁ་བཙན་སྟབས་ཀྱིས་ལུས་སེམས་ཧྲིལ་གྱིས་སྦྲིད་མྱོང་།།

ལོ་ཟླ་མང་དག་ལ་བསྙལ་བའི་བརྩེ་ཆང་མངར་མོ།།
ཐུཊ་བློ་དལ་དལ་གྱིས་གཙང་བཞེས་གནང་རྒྱུ་བྱུང་བ།།
དག་པ་སེམས་ཉིད་ཀྱིས་བཏེགས་པའི་དབྱངས་སྙན་དེ་ལ།།
སྲིད་ཀྱི་ཡང་སྙིང་དེ་མཚོན་པའི་གདངས་ཤིག་མངའ་བས།།

དམ་ཚིག་ཤེལ་དཀར་གྱི་འཕྲེང་ཐག་ཆད་པའི་ཉིན་མོ།།
ལྷ་ཞོལ་མི་ཚོགས་ལ་འུར་ཟིང་མང་ཙམ་ལངས་ཀྱང་།།
གཟེབ་དང་ཡེ་བྲལ་གྱི་སྣང་བ་རྟ་རྒོད་རི་ཤོར།།
དྲན་ཤེས་སྲབ་མདའ་ཡིས་ཐུར་དུ་བཀུག་རྒྱུ་མ་བྱུང་།།

མི་སེམས་ལྡེབས་རིས་སུ་བཞེངས་བའི་དབྱངས་རྟ་དྲང་མོ།།
སྲིད་ཀྱི་རི་ཞོལ་ནས་སྙན་སྙན་གདངས་སུ་འདྲེས་དུས།།
འཆལ་པོ་དང་བཟང་ཞེས་མི་ཁའི་རླུང་ལ་བསྐྱོན་ནས།།
རིན་ཆེན་གཡང་ཊི་དེར་འདོགས་ཐག་ནག་པོ་བརྒྱུས་བྱུང་།།

དམིགས་པ་རི་གཤོང་དུ་བབས་པའི་ཉིན་མོ་ཞིག་ལ།།
ཁྲུང་ཁྲུང་གཤོག་རྩལ་ལ་འཇུ་འདོད་ཐུགས་སྣང་དག་པས།།
རྒྱང་རིང་ས་མཐའ་རུ་མི་འགྲོ་ལི་ཐང་སྐོར་འོང་།།
གསུངས་དེ་བདེན་པ་དང་དབྱངས་རྟ་ལྷད་མེད་ཡིན་འགྲོ།།

ཚངས་དབྱངས་རྒྱ་མཚོ།

གཡུ་ཆུང་།

རིག་འཛིན་ཚངས་དབྱངས་སྲིད་པའི་དབྱངས་ཤིག་ཡིན།།
དབྱངས་ལ་རྫས་དང་སླད་ཀྱིས་གོས་མེད་པས།།
དབྱངས་དེ་ང་དང་ཁྱོད་ཀྱི་ལམ་བྲོ་ཡིན།།
ཁྱོད་དང་ང་ཡང་དབྱངས་དེར་འཐིམ་པར་བྱ།།

རིག་འཛིན་ཚངས་དབྱངས་བརྩེ་བའི་མི་ཞིག་ཡིན།།
མི་ལ་གཉུག་མས་སེམས་ཀྱིས་རབ་སྤུད་པས།།
མི་དེ་ང་དང་ཁྱོད་ཀྱི་གཏན་གྲོགས་ཡིན།།
མི་དེར་དྭངས་མའི་སེམས་ཤིག་བརྐྱང་བར་བྱ།།

རིག་འཛིན་ཚངས་དབྱངས་ཆང་དཀར་ཕོར་བ་གང་།།
ཆང་ལ་གཙང་མས་ཆབ་ཀྱིས་བརླན་ཡོད་པས།།
ཆང་དེ་ང་དང་ཁྱོད་ཀྱི་ལམ་ཆང་ཡིན།།
ཆང་དེར་ཞབས་བཏག་ཡག་མོ་གནང་བར་བྱ།།

རིག་འཛིན་ཚངས་དབྱངས་རླུང་བུ་ལྡོམ་པོ་ཞིག།།
རླུང་ལ་དབྱིབས་དང་ཁ་དོག་རབ་ལགས་པས།།
རླུང་དེ་ང་དང་ཁྱོད་ཀྱི་མདུན་ལྗོངས་ཡིན།།
རླུང་དེར་ལས་སྨོན་ཡག་མོ་གདབ་པར་བྱ།།

སྙན་ངག་ཤོག་ལེ་ཡག་མོ་ཚངས་དབྱངས་པ།།
མགུར་ཆུང་རྣ་བར་སྙན་པ་ཚངས་དབྱངས་པ།།
བརྩེ་བའི་འཇིག་རྟེན་མྱོང་བ་ཚངས་དབྱངས་པ།།
ད་ཆ་གླིང་བུ་བཞིན་དུ་གང་ན་གྲག།

རིག་འཛིན་ཚངས་དབྱངས་ད་ཆ་དབུས་ན་ཡོད།།
དབུས་ཀྱི་ཡར་ཀླུང་གཙང་བོའི་འགྲམ་ན་ཡོད།།
ཁ་སང་ཨ་ཅག་དབུས་ལ་ལོག་ཉིན་མར།།
བརྩེ་འཕྲིན་ཆིག་བརྒྱ་ཚངས་དབྱངས་པ་ལ་བསྐུར།།

བརྩེ་བའི་སེམས་གཤིས་དག་པས་ཨེ་ཡིན་ན།།
དྲང་བོའི་གཏམ་ཞིག་སྨྲས་པས་ཡིན་ལས་ཆེ།།
གང་ལྟར་དམ་པ་ཚངས་དབྱངས་རྒྱ་མཚོ་ཁོང་།།
མི་ཡུལ་འདི་དང་གཏན་དུ་བྲལ་བ་ཕངས།།

ཚངས་དབྱངས་རྒྱ་མཚོ།

ལོ་མ།

རིག་འཛིན་ཚངས་དབྱངས་པ་ཡིས།།
ཟུར་མིག་སུ་ལ་འཕང་ཡོད།།
བརྩེ་བ་དབུས་ཀྱི་བུ་མོ།།
གཙང་བོ་ལོགས་སུ་བུད་སོང་།།

ཚངས་དབྱངས་རི་ལ་ཕེབས་དུས།།
དབུས་མོ་མིག་ཆུ་ཤོར་སོང་།།
ཚངས་དབྱངས་བཞེད་པ་མ་འགྲུབ།།
ཨ་ཅག་ལས་སྐལ་ཆད་སོང་།།

དབུས་ཀྱི་བུ་མོ་དེ་ཡིས།།
གྱེས་ཁར་མིག་ཆུ་བཏང་བ།།
ཚངས་དབྱངས་ཐུགས་ལ་བཞག་ནས།།
མགུར་ཞིག་བཞེངས་བ་ལོས་ཡིན།།

འཇིག་རྟེན་སྣང་བ་གྱེས་སོང་།།
གཙང་བོས་འགྲོ་ལམ་བཅད་སོང་།།
ངེས་དོན་བསམ་ཡས་བྱ་ཕོ།།
སྣང་བའི་གྲོགས་སུ་སྦྲན་ན།།

སྐྱིད་ཤོད་གཙང་བོའི་ཁ་ནས།།
སྐྱེས་ཡག་བུ་མོ་དེ་ཡིས།།
ཚེ་སྔོན་ལས་འཕྲོར་གཞིགས་ནས།།
གཏན་གྲོགས་བཟང་བོ་བྱས་ཀྱང་།།

ཚངས་དབྱངས་གཤེགས་པའི་ཤུལ་ནས།།
འུ་ཚོར་བཞག་པའི་ནོར་བུ།།
མགུར་གླུ་མུ་ཏིག་ཕྲེང་བར།།
ང་ཚོས་སེམས་ཀྱིས་ཉན་ཆོག།

སྙིང་གཏམ་རི་བོ་འདྲ་ཞིག།
བརྩེ་བ་ཆུ་བོ་འདྲ་ཞིག།
ཚངས་མགུར་བཅད་མ་འདི་ནས།།
ང་ཡི་ཡང་ཡང་མཐོང་ཡོད།།

ཚངས་དབྱངས་རྒྱ་མཚོ།

རྫ་སྐྱེས་ཕུར་བ།

མ་སྐྱེས་ཨ་མ་དེ་སེམས་ཉིད་སྤྲོས་བྲལ།།
མགུར་ཆུང་དག་པ་ཡི་གཟུགས་སུ་བཞེངས་དུས།།
སྣང་བ་ཁྲ་ཚོམ་གྱི་རི་མོ་ཞིག་གིས།།
ད་ལྟའི་སྣང་བ་འདིར་ཁེག་ཐག་བྱས་སོང་།།

གཟིམས་ཆུང་ཤར་སྒོ་དེ་ཁྲོག་ཁྲོག་རྡུང་མཁན།།
སྨན་ཆུང་འཕྱོང་རྒྱས་ཀྱི་བུ་མོ་དེ་ཀོ།
བརྩེ་གཞས་ཆུ་མིག་གི་མདུད་པ་བཀྲོལ་ཉིན།།
ཚོགས་དྲུག་རང་གྲོལ་གྱི་བདག་པོ་མིན་འགྲོ།།

རི་བོ་མཐོ་སོང་ངོ་སྨིན་དྲུག་རྫ་རི།།
སྐྱོ་བ་གླེང་འོས་ཀྱི་གྲོགས་ཤིག་མིན་ཐལ།།
སེམས་ཉིད་གྱེར་སྒོམ་གྱི་ཚངས་དབྱངས་རྒྱ་མཚོ།།
སྐྱིད་ཆུའི་རབ་སོ་ན་ཁེར་བོ་མིན་འགྲོ།།

ངུས་ན་ངུ་ཆོག་གོ་ཚངས་དབྱངས་རྒྱ་མཚོ།།
མགུར་ཆུང་ནོར་བུ་དེ་ངུ་རོགས་ཡིན་འོང་།།
རྫོང་རྒྱབ་ཀླུ་ཁང་གི་གཞས་ར་གོར་མོ།།
ལས་ཀྱི་སྤྱན་ཆབ་དང་འབྲལ་མེད་ལོས་ཡིན།།

སྣང་བ་རང་ཆས་དེ་གླུ་ཞིག་ལོས་ཡིན།།
མགུར་ཆུང་སྐྱོ་ཤེས་འདི་གྲོགས་ཤིག་ལོས་ཡིན།།
དམ་ཚིག་ཆང་སེར་ཡང་ལམ་ཞིག་ལོས་ཡིན།།
ཐུགས་སྐྱོ་མ་གནང་འོ་ཚངས་དབྱངས་རྒྱ་མཚོ།།

པོ་ཏ་ལྷ་ཁང་གི་སྒོ་ཐེམ་དེ་ནས།།
དམ་ཚིག་ཕྲེང་རྡོག་ཚོ་ཐར་རེ་འཐོར་ཉིན།།
འཛིན་པ་ཡེ་བྲལ་གྱི་ཁྱོད་རང་གཅིག་བུ།།
ཚེ་འདིར་སྤྱན་གཟིགས་དེ་གནང་མཁན་མིན་འགྲོ།།

རང་ལ་དགོས་དགོས་ཀྱི་ནོར་བུ་དེ་ཉིད།།
མི་ཚོ་སུ་ལ་ཡང་དགོས་ཀྱི་འདུག་ཅེས།།
བདེན་གཏམ་དྲང་ཚིག་རེ་ཤོར་བར་བལྟས་ན།།
སུན་པོ་བཟོ་མཁན་དེ་མང་བ་མིན་འགྲོ།།

མ་སྐྱེས་ཨ་མ་ཡི་འཛུམ་བག་དེ་ན།།
སྣང་བ་རྟེན་འབྲེལ་གྱི་ས་མཁན་བཞུགས་པས།
ཐ་སྙད་བུམ་སྟོང་དག་ཧྲུག་གེར་བཏང་ཡང་།།
ཕྱག་ཆེན་མ་མ་ཁོང་མཉེས་བོ་མེད་འགྲོ།།

ད་ལྟའི་ཚེ་ཐུང་འདི་དེ་ཀ་ཙམ་ཞེས།།
ཐུགས་བཞེད་མ་འགྲུབ་པའི་སྐྱོ་སྐྱོ་འདྲ་ཡང་།།
དྲང་བདེན་ལས་འབྲས་ཀྱི་བྱ་ཕོ་དཀར་བོ།།
ཁྱོད་ཀྱི་ཉིན་མཚན་ལ་འབྲལ་མེད་ཡིན་འདུག།

བཏབ་ཀྱང་མ་སྨིན་པའི་སོན་བུ་ཕྲ་མོ།།
དབུས་ཡུལ་ལྷ་ལྡན་ནས་སད་ཀྱིས་ཁྱེར་སོང་།།
ལྭ་མོ་ཕར་རྒྱབ་ཀྱི་སྐྱིད་ཤོད་ལྷ་ས།།
བདེ་མོ་བཞུགས་ཨང་ཞེས་ཕེབས་པ་མིན་འགྲོ།།

ལྷ་བཟང་དཔུང་ཤེད་ཀྱིས་བཙན་པོ་མ་གནང་།།
སྡེ་སྲིད་ཐུགས་དམ་ལ་ཏོག་ཙམ་བཞུགས་རོགས།།
བདེ་ཆེན་ཕྱི་མ་ནས་མཇལ་མཛོམས་འོང་ཞེས།།
ལམ་ཐག་རིང་རིང་ཞིག་བསྙེགས་པ་མིན་འགྲོ།།
·རྩོམ་ཡིག་གོང་མ:འཇིག་རྟེན་སུ་ལ་མེད་པ་ཞིག
·རྩོམ་ཡིག་འོག་མ:མེ་ལོང་།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 15:32:50 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 19:53:59 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 5:59:43 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 43 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS