ཚངས་མགུར་ལྷན་ཐབས།
མདའ་མེ་ལྕེས།
སེམས་ཀྱི་གཏིང་ལ་བརྐོས་པའི།།
དམ་བཅའི་ཡི་གེ་དམར་བོ།།
ལོ་ཟླའི་ཆར་གྱིས་མ་རལ།།
ཚོར་བའི་ཁམས་ལ་ཐིམ་བཞག།
སྒེའུ་ཁུང་ཕྱི་ན་ཟགས་པ།།
བྱམས་པའི་མིག་ཆུ་ཡིན་ན།།
མཁུར་བའི་དམར་ཐིག་འདི་ཡང་།།
དུང་བའི་ཆ་གཅིག་ལོས་ཡིན།།
བྲག་གི་སྲུབ་ན་འཁྲུངས་པའི།།
མེ་ཏོག་གངས་ལྷ་དཀར་བོ།།
བདུད་རྩི་ཆང་གིས་སྦང་ནས།།
དོ་ནུབ་མཆོད་ཅིག་འཕེན་ཡ།།
ཟླ་འོད་མེད་པའི་མཚན་མོར།།
དབེན་པའི་རི་ལས་བབས་པ།།
ཆུང་འདྲིས་འཛུམ་དཀར་མ་ལས།།
སུ་དང་གང་གིས་ཤེས་མེད།།
སྒོ་ནས་བུ་ཡུག་འཚུབ་གི།
ནང་ནས་དྲན་པས་གཟིར་གི།
ཕྱི་ནང་གཉིས་ནས་གཙེས་པས།།
ལུས་པོའི་ཨ་ཐང་ཆད་འགྲོ།
གོམ་པ་ལ་རྩེར་བརྒྱབ་ཀྱང་།།
སེམས་པ་ལ་རྩར་ལུས་སོང་།།
རྣམ་ཤེས་མེད་པའི་རྡོག་པ།།
བསྐྱོན་དང་མ་བསྐྱོན་མི་འདུག།
ཏིང་འཛིན་སྒོམ་ཁང་ནང་ནས།།
གཏུམ་མོའི་མེ་ཡིས་མ་དྲོས།།
བྱམས་པའི་ཟུར་མིག་གཅིག་གིས།།
ངོ་གདོང་དམར་བོ་ཆགས་སོང་།།
ནུབ་ཁའི་མཚམས་སྤྲིན་དམར་བོ།།
བུ་མོའི་ཞལ་རས་ཡིན་ན།།
རྒྱང་གི་རི་གླུ་དེ་ཡང་།།
གཅིག་བུའི་བརྡ་ཞིག་ཡིན་འགྲོ།།
དབེན་པའི་རི་སུལ་འདི་ནས།།
མི་སྡུག་བསྒོམ་ལོ་བྱས་ཀྱང་།།
གྲོང་གི་མཛེས་མ་ཞིག་གིས།།
སེམས་པའི་སྒོ་གླེགས་རྡུང་ཡོང་།།
ཆུ་རྐྱང་དཀར་ཡོལ་གང་བོ།།
གོང་གི་ལྷ་ལ་མི་མཆོད།།
སེམས་ཀྱི་གཏིང་ལ་རུམ་པའི།།
ཆུང་འདྲིས་སྒྲོལ་མར་དབུལ་རྒྱུ།།
བུ་མོར་བཞེས་འདོད་མེད་ན།།
ཕོར་བ་རྡོ་སྐོར་བརྒྱབ་ཆོག།
ང་ལ་དབང་བའི་མཆོད་རྫས།།
ཆུ་གཙང་འདི་ལས་མེད་དོ།།
ཆུ་ཕྲན་ཉིན་བགྲོད་མཚན་བགྲོད།།
འབབ་སའི་མཚོ་ཞིག་ཡོད་ན།།
བྱམས་པ་ཉིན་དྲན་མཚན་དྲན།།
ལྷན་འཛོམས་དུས་ཤིག་ལོས་ཡོད།།
དགུང་གི་ཟླ་བ་དཀར་བོ།།
གླིང་བཞིར་རྒྱུ་བ་བདེན་ན།།
ང་ཡི་སྙིང་གི་ཕྱེད་ཀར།།
ཁམས་འདྲིའི་ཚིག་གཅིག་མ་བརྗེད།།
2013/9/15