དཔའ་བློ་ཁོག
རིན་ཆེན་འཕྲིན་ལས།
གློ་བུར་རྩོད་རྙོག་གདོང་ཐུག་རྒྱག་ན་ཡང་།།
ག་ལེར་ཐག་གཅོད་ཐུབ་པ་དཔའ་བློ་ཁོག།
ཁབ་རྩེ་ཙམ་གྱི་དོན་དག་ཕྲ་མོར་ཡང་།།
གྲི་མགོ་འཕུར་འཕུར་བྱེད་པ་བློ་ཁོག་མིན།།
གདོང་ཐུག་མདུན་མཆོང་བྱ་ས་མེད་ན་ཡང་།།
གཡས་གཡོན་ཐབས་ཤེས་འཚོལ་བ་དཔའ་བློ་ཁོག།
རྒྱབ་སྒོ་ཧར་རེ་ཕྱེ་བ་མ་ཤེས་པར།།
བུང་ནག་ཤེལ་སྒོར་རྡུང་བ་བློ་ཁོག་མིན།།
གཡོ་ཅན་ཁྱི་སྤྱང་སྐད་ངན་འདོན་པའི་དབུས།།
འཇིགས་དང་ཞུམ་པ་མེད་པ་དཔའ་བློ་ཁོག།
ཉམ་ཆུང་རྒན་གོག་བྱིས་པ་བུད་མེད་སྟེང་།།
སྟག་གཟིག་མཆོངས་མཆོངས་བྱེད་པ་བློ་ཁོག་མིན།།
ཤེས་རབ་གྲི་རྣོན་བློ་གྲོས་ཁོག་པར་ཉར།།
རྨོངས་པའི་དགྲ་བོ་གསོད་པ་དཔའ་བློ་ཁོག།
རང་མགོ་རྨས་བྱེད་འབྲུག་གྲི་སོ་གཉིས་མས།།
ངར་ངར་རྫིག་རྫིག་བྱེད་བྱེད་བློ་ཁོག་མིན།།
ལུང་པ་ཐམས་ཅད་འུར་ཟིང་གང་ན་ཡང་།།
རང་ཚུགས་བརྟན་པོར་ཟིན་པ་དཔའ་བློ་ཁོག།
ཁྱི་ངན་ཀུ་ཅོ་འདོན་སར་འཚུབ་ཤིག་ཤིག།
ཁོང་ཁྲོའི་མཆེ་བ་གཙིགས་པ་བློ་ཁོག་མིན།།
ལུས་སྟོབས་ཆེ་ཞིང་བློ་རྩ་བརྟན་ལ་གྲིམས།།
གཡོ་དང་སྒྱུ་མེད་ཁམས་པའི་དཔའ་བློ་ཁོག།
ཚབ་ཚུབ་དངངས་སྐྲག་སྡར་མ་ལག་མགྱོགས་ཀྱིས།།
གྲི་ལོང་བཙུགས་པ་ཁམས་པའི་བློ་ཁོག་མིན།།
ཉམ་ཆུང་དུད་འགྲོ་ལ་ཡང་གནོད་མི་བསྐྱལ།།
མི་ལ་ལྷག་པར་རྩི་བ་དཔའ་བློ་ཁོག།
དུད་འགྲོ་སྲོག་བླུ་ཚེ་ཐར་བཏང་ན་ཡང་།།
མི་སྲོག་གཅོད་ལ་དཔའ་བ་བློ་ཁོག་མིན།།
ཉམ་ཆུང་བདེན་པའི་རྒྱབ་རྩ་བརྟན་པོར་ལངས།།
བཙན་པོའི་ང་རྒྱལ་གཅོག་པ་དཔའ་བློ་ཁོག།
ངོ་དགའ་སྤྲེལ་ལད་བདེ་རྩལ་འཁྱུག་ན་ཡང་།།
བཤད་བཤད་ཁ་ཕོ་མང་བ་བློ་ཁོག་མིན།།
ཁོག་ནང་བྱ་རྒོད་ལྡིང་སྐོར་རྒྱབ་ཀྱང་ཆོག།
བརྟན་ཞིང་བློ་བག་ཕེབས་པ་དཔའ་བློ་ཁོག།
སྣ་རྩེར་བུང་བ་འབབ་ས་མེད་ན་ཡང་།།
མགོ་དགྱེ་བྲང་ཁོག་སྟོན་པ་བློ་ཁོག་མིན།།
ཀུན་ལ་ཉེ་རིང་མེད་པར་སྙོམས་ན་ཡང་།།
ངན་པ་གཉའ་རེངས་མི་འཇུག་དཔའ་བློ་ཁོག།
དཔོན་པོའི་མདུན་དུ་རྔ་མ་གཡུགས་གཡུགས་བྱེད།
སྤྲང་པོར་སྡང་ཟུག་ཆེ་བ་བློ་ཁོག་མིན།།
གནོད་འཚེའི་དྲག་སྔགས་འབྲུག་སྒྲ་སྒྲོག་ན་ཡང་།།
བྱམས་བརྩེའི་འཛུམ་གྱིས་བསུ་བ་དཔའ་བློ་ཁོག།
གཅིག་ལ་གཅིག་ལན་གཉིས་ལ་གཉིས་ལན་དུ།།
ཁོག་རྩིས་གཟབ་ནན་ཆེ་བ་བློ་ཁོག་མིན།།
རང་ལས་དཔའ་རྩལ་ཆེ་བ་མེད་ན་ཡང་།།
ཐམས་ཅད་འདྲ་མཉམ་བསྐྱངས་པ་དཔའ་བློ་ཁོག།
བཙན་པོར་འཛུམ་སྟོན་ཕྱི་ཚུལ་སྤམ་ན་ཡང་།།
ལྐོག་ཏུ་གདུག་སེམས་གནག་པ་བློ་ཁོག་མིན།།
རྐྱེན་ངན་ཁ་ཆར་བུ་ཡུག་འཚུབས་ན་ཡང་།།
སྙིང་སྟོབས་ལྷག་པར་འབར་བ་དཔའ་བློ་ཁོག།
གདོང་སྣ་ལན་ཅིག་རྩིག་པར་བརྡུངས་པས་ན།།
རྟག་ཏུ་ཞུམ་ནས་བསྡད་པ་བློ་ཁོག་མིན།།
དྲང་བདེན་ཚུལ་མཐུན་སྲོལ་ལས་མི་འདའ་བར།།
འཚོ་བའི་མཐུན་རྐྱེན་སྒྲུབ་པ་དཔའ་བློ་ཁོག།
མདུན་དུ་བསླུ་བྲིད་ལྐོག་ཏུ་བརྐུས་ནས་འཁྱེར།།
ཁྲམ་པ་བཅོམ་འཕྲོག་ཚ་བ་བློ་ཁོག་མིན།།
བདེན་དོན་གནས་ལུགས་བརྡར་ཤ་གཅོད་པའི་ཚེ།།
ཕྱི་ནུར་མི་བྱེད་རྩོད་པ་དཔའ་བློ་ཁོག།
ཆང་འཐུང་ར་བཟི་ཐམ་མེ་ཐོམ་མེ་ངང་།།
ཤེལ་དམ་བསྣུན་རེས་བྱེད་པ་བློ་ཁོག་མིན།།
ཤེས་བྱའི་གནས་ལ་འབད་བརྩོན་དོན་གཉེར་ངོས།།
རང་ཉིད་རང་གིས་གཅུན་པ་དཔའ་བློ་ཁོག།
དོན་མེད་རྣམ་གཡེང་བག་མེད་རྩེད་འཇོ་ལ།།
བརྒྱ་ལོ་ཤག་ཤག་གཏོང་བ་བློ་ཁོག་མིན།།
ཤེས་རབ་རྣོན་པོས་ཕྱི་ནང་གནས་ཚུལ་བརྟགས།།
སྐབས་བབས་བྱ་བ་སྒྲུབ་མཁས་དཔའ་བློ་ཁོག།
སྙིང་པོ་མེད་པའི་བྱ་བཞག་སྣ་མང་ལ།།
བློ་རིག་དྲན་འཕྲུལ་སྐྱེན་པ་བློ་ཁོག་མིན།།
སྔོན་ཐོན་ཅན་ལ་ཁ་མིག་ཡར་ལྟ་ངོས།།
རང་གི་སྟོང་ཆ་སྐོང་བ་དཔའ་བློ་ཁོག།
རྙིང་ཞེན་མཁྲེགས་འཛིན་སྡུག་ཡུས་སུ་ལས་ཆེ།།
མངོན་སུམ་གནས་ལའང་བསྙོན་པ་བློ་ཁོག་མིན།།
དཔའ་དང་བློ་ཁོག་དབྱེ་བ་མ་ཤེས་ན།།
ཞབས་འདྲེན་མཁན་རྣམས་སྟག་གཟིག་ངར་ངར་བྱེད།།
ཝ་སྐྱེས་སྡར་མ་སེང་གེའི་གྲལ་དུ་ཚུད།།
དཔའ་ངར་ཅན་ལ་མཐོང་ཆུང་བཞད་གད་བྱེད།།
སྐྱོན་ཡོན་མཐོང་བའི་བློ་གྲོས་མིག་ཕྱེ་ནས།།
སྐྱོན་ཆ་ནན་གྱིས་སེལ་བ་དཔའ་བློ་ཁོག།
སྐྱོན་མེད་ཡོན་ཏན་བརྗོད་དུས་འཛུམ་ཤིག་ཤིག།
སྐྱོན་རྣམས་གླེང་ཚེ་ཁྲོ་བ་བློ་ཁོག་མིན། །ཞེས་པ་འདི་ཡང་ཉེ་ཆར་ཞབས་འདྲེན་པ་འགའ་ནས་རང་རིགས་ཀྱི་དགེ་ལས་པ་གྲགས་ཅན་བགྲེས་པ་ཞིག་སྐུ་འཁོར་དང་བཅས་པ་བཀྲོངས་པ་སོགས་སྐྱོན་ཆ་འདི་དག་རྒྱུན་དུ་ཡོད་མུས་ལ་བརྟེན་ཆེད་དུ་དམིགས་ནས་བྲིས་པའོ།། །།