ཕྱི་མིག་ཁྲོད་ཀྱི་བདག་གི་མི་ཚེ།
རོང་བོ་ཁ་བ།
དགའ་སྐྱོ་གདངས་སུ་གྱེར་བའི་མི་ཚེ་ཡི་དབྱངས་རྟ།།
ལས་དབང་ས་སྐྱོང་རྒྱལ་བོའི་མགྲིན་པ་ལ་འཁྱིལ་ཡོད།།
ཉིན་བྱེད་འོད་ཀྱིས་འཁྱུད་པའི་མཚམས་སྤྲིན་གྱི་འཇིག་རྟེན།།
རེ་སྨོན་ཁྲི་ཡིས་བཞེངས་པའི་དག་ཞིང་གི་གནས་མཆོག།
སྨུག་སྤྲིན་སྒོ་འཕར་འབྱེད་པའི་བསིལ་རླུང་གི་རེག་བྱ།།
བསུང་ཞིམ་དྲི་ངད་ལྡང་བ་ལྷ་ཤིང་གི་ལོ་འདབ།།
དྭངས་གསལ་འཕེལ་འགྲིབ་མེད་པ་ཆུ་ཕྲན་གྱི་བཞུར་གླུ།།
གཉོམ་པའི་མེ་ཏོག་བཞད་པའི་ཆུང་འདྲིས་ཀྱི་ཟླ་གྲོགས།།
ལོ་ཟླའི་ཁུག་པར་བརྒྱུས་པའི་གཞོན་དུས་ཀྱི་ལང་ཚོ།།
དབེན་པའི་རི་སུལ་ཁྲོད་ཀྱི་གཡེར་དྲིལ་གྱི་རང་བཞིན།།
ངེས་མེད་རླུང་ཡན་ལྡོམ་པོའི་རྒྱུ་ཕྱོགས་དང་བསྡོངས་ཏེ།།
ཡུན་ཐུང་མི་ཚེ་ཕྱེད་ཀའི་མཛེས་པ་དེ་རྫོགས་སོང་།།
སོ་དཀར་གཞོན་པའི་དུས་སུ་རྩེད་དགོད་ཀྱིས་གཡེངས་ཤིང་།།
རྒས་པའི་རང་མདངས་སྐྲ་ལོའི་ཕོན་པོ་ཡིས་མངོན་ཚེ།།
ཡིད་གདུང་གཤིས་སུ་བབས་པའི་ཚོར་འདུ་ཡི་རེག་ཟེག །
སེམས་ཀྱི་ངོས་དང་མགྲིན་པའི་གཏིང་རིམ་ནས་མཆེད་འོང་།།
ཚེ་ཕྱེད་ཚོད་ཀྱིས་མ་ཟིན་སྐད་ཅིག་མའི་ངང་ཚུལ།།
རིང་ནས་ཡིད་ལ་བརྣག་པའི་རེ་འདུན་གྱིས་མ་ཟིན།།
རྣམ་གཡེང་གཟུགས་ཅན་ཟོལ་གྱིས་མིག་མདུན་དུ་སླེབས་ན།།
མགོ་བོ་ཐུར་དུ་སྒུར་ནས་ཅོ་འདྲི་ཞིག་བྱེད་འདོད།།
འདི་ལྟར་མི་ལོ་ཉི་ཤུའི་སྐས་ཐེམ་ལ་འཛེག་སྟེ།།
མི་ཡུལ་འཇིག་རྟེན་འགྲིམ་པའི་མཁའ་དབྱིངས་ལ་བལྟས་ཚེ།།
ཕ་མའི་རེ་བཞག་ཉི་ཟླའི་སྣང་བརྙན་གྱི་རི་མོ།།
སྤྲིན་ཚོགས་གསེབ་ཀྱི་འོད་ཕུང་དེ་ག་ལས་མ་འདས།།
ཚོར་སྣང་དངོས་སུ་སྟོན་པའི་སྙན་ངག་གི་འཇའ་རིས།།
རྟོག་བཏགས་ཆར་སིམ་ཁྲོད་ཀྱི་རྫི་རླུང་དང་འགྲོགས་ནས།།
སེམས་པ་ཧ་ལོ་བཞད་པའི་སྐྱེད་ཚལ་དུ་ཤར་ན།།
མི་ཁའི་གྲིབ་གཟུགས་སྟུག་པོས་མཐར་སྤྲོད་རེ་མ་གནང་།།
2013 4. 13.