ཐོས་སྒྲོག་ལགས་ཀྱི་༼''རི་དྭགས་ཆོས་འཁོར་གྱི་ཞལ་རས'' ལས་མཐོང་བའི་འཇིག་རྟེན་གཞན་ཞིག༽ཅེས་བའི་རི་དྭགས་དང་ཆོས་འཁོར་གཉིས་ཀྱི་མཚོན་དོན་དགག་ནས་བཤད་པ།
ཀ་ཡེ་ཉོན་ཅིག་ཆོས་གྲོགས་རིག་སྨྲ་བ་ཐོས་སྒྲོག་ལགས།།
ཁ་དོག་དཀར་དམར་བརྩད་པའི་རིག་པ་སྟེ་བཟང་ན་ཡང་།།
ག་ཙམ་ཡིན་ཀྱང་རིག་པ་དག་ལའང་མ་བསྟེན་བར།།
ང་རྒྱལ་དགག་ནས་མཁས་བའི་ཞལ་ལུང་ལ་བཅོལ་བར་ཤོད།།
ཀྱེ་ཀྱེ་རིག་པ་སྨྲ་བ་ལགས།།
ཚུར་ལ་གསོན་དང་རིག་སྨྲ་བ།།
མི་ངན་ཁ་ན་གཏམ་ངན་དང་།།
ཞེས་བྱ་བརྗོད་པའི་གཏམ་དཔེ་ལྟར།།
སྒོ་དམར་སྨྱོན་པ་ཤར་གངས་ཕྲུག།
དྲན་འཛིན་ཡིད་ལ་ཤར་བ་འདི།།
འདི་ནས་བརྗོད་པར་བྱ་བའི་ཕྱིར།།
ཁྱེད་ཉིད་བདག་ལ་བཟོད་སྒོམ་རེ།།
གནང་བར་བྱེད་རོགས་ཐོས་སྒྲོག་ལགས།།
༧ བདག་ཅག་རྣམས་ལ་བཀའ་དྲིན་དང་ཐུགས་རྗེ་བླ་ན་མ་མཆིས་བ་རྗེ་བློ་བཟང་གྲགས་པ་དེ་ཉིད་ཀྱིས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་བོ་ལས། འདི་ནི་འདིའོ་ཞེས་གསུངས་བ་ཙམ་གྱི་ལུང་གིས་དེ་ལྟར་གཞག་པར་ནི་མི་ནུས་ལ་དེའི་ ཚེ་སྤྱི་ལ་དེ་ལྟར་མ་ཁྱབ་ན་བྱེ་བྲག་དྲང་ངེས་ལ་ཡང་འདི་འདིའོ་ཞེས་གསུངས་བ་ཙམ་ གྱིས་ཀྱང་སྒྲུབ་པར་མི་ནུས་པའི་ཕྱིར་རོ།། ཞེས་གསུངས་བ་ཡིན་ཙ་ན། ཁྱེད་ཉིད་ལ་འདི་ནི་འདིའོ་ཞེས་གསུངས་བ་ཙམ་གྱིས་ལུང་ཡང་མེད་པར་རང་ངོས་ནས་གང་དྲན་དྲན་གྱིས་བརྗོད་པ་ཡིན་པ་ལས་ལུང་ཁུངས་མེད་པ་ཕྲན་དང་ཕྲན་ལྟ་བུ་གོར་མ་ཆག་གོ། འོན་ཀྱང་ཁྱེད་ཉིད་ལ་སྔ་མའི་མཁས་དབང་འདི་དག་ལས་ཁྱེད་ཉིད་ཀྱིས་བརྗོད་བྱ་དང་ མཐུན་པའི་ལུང་ཁུངས་གསལ་བོ་རེ་གསུངས་རྒྱུ་ཡོད་ན་ཁྱེད་གཉིས་ཀྱི་གཟི་བརྗིད་ཡིན་ལ།དེ་མིན་རང་སྒེར་གྱི་རིག་པའི་སྒྲོ་འདོགས་ལམ་ནས་བྲིས་བ་ཡིན་ན་གད་སྙིགས་ དང་གཉིས་སུ་མ་མཆིས་སོ།། ཕྲན་ལ་སྔོན་བྱུང་དམ་པའི་བསྟན་བཅོས་དང་ལུང་ཁོངས་ཡོད་པ་ནི་འདི་ལྟར།<<ས་བཅུ་པའི་མདོ་ལས།>> ངས་ ནི་སྔོན་ཆད་སངས་རྒྱས་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་གཅིག་དྲན།།དེ་དག་དྲང་སྲོང་ཞེས་བྱ་ནགས་མཆོག་དེར་ནི་འཁོར་ལོ་དམ་པ་བསྐོར།།ཞི་ཞིང་ཉེར་ཞི་བསམ་གཏན་མངོན་གྱུར་རྟག་ཏུ་རི་དྭགས་རྣམས་ཀྱིས་བསྟེན།།དེ་ཕྱིར་དྲང་སྲོང་ཞེས་བྱ་ནགས་མཆོག་དེར་ནི་འཁོར་ལོ་དམ་པ་བསྐོར།། ཞེས་གསུངས་པ་ལྟར་< ༡ >ཆོས་འཁོར་གྱིས་སྟོན་པ་མཆོག་སངས་རྒྱས་པའི་དགོས་པ་གཙོ་བོ་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པའི་ཆེད་དུ་ཐར་ལམ་གྱི་མི་མཐུན་ཕྱོགས་ཆགས་སོགས་ཉོན་མོངས་པ་བག་ཆགས་དང་བཅས་པ་རྩད་ནས་གཅོད་བྱེད་མཛད་པ་ཀུན་གྱི་མཆོག་གསུང་གི་མཛད་པ་དེ་མཚོན་པ་དང་། ༢-རི་དྭགས་གཉིས་ཀྱིས་ནི།ཚངས་པ་བརྒྱ་བྱིན་གྱིས་མཚོན་པའི་འདུལ་བྱའི་རིགས་ མཐའ་དག་སྟེ།དེ་ཡང་རྣ་བ་ཡར་བཏེགས་པས་(ཐོས་པ)་དང་།མིག་འཛུམ་པར་ལྟ་བས་(བསམ་པ)། རྐང་ལག་ས་ལ་ཉལ་བས་(སྒོམ་པའི)་ཚུལ་བསྟན་པ་མཚོན་པའོ། ཞེས་དང་།
༧ རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་དབང་དོན་དེ་ཉིད་ཡང་གསལ་༼༢༦༧༽དུ༑ རྟ་བབས་ཀྱི་སྟེང་གི་འཁོར་ལོ་རི་དྭགས་དང་བཅས་པ་དང་། རྟ་བབས་ཀྱི་འོག་གི་བླ་བྲེ་སོགས་ཀྱི་དག་པའང་༼མན་ངག་སྙེ་མ་༽ དེ་ཉིད་ལས། གདུལ་བྱ་རྣམས་ལ་སྟོན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་མ་མཐུན་ཕྱོགས་གཅོད་པ་ རྣམ་པར་དག་པས་ཆོས་ཀྱི་འཁོར་ལོའོ།།དེའི་རྩིབས་རྣམས་ཕྱོགས་གཅིག་ལ་བརྒྱད་རྣམས་ ནི་སྡུག་བསྔལ་དང་། ཀུན་འབྱུང་དང། འགོག་པ་དང་། ལམ་དང་། ཀུན་རྫོབ་དང་། དོན་དམ་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམ་པར་དག་དག་པས་སོ། །ཕྱོགས་གཞན་ལ་བཅུ་གཉིས་རྣམས་ནི་སྡུག་བསྔལ་ཤེས་པར་བྱ་བ་དང་། ཤེས་པ་དང་། སླར་ཤེས་པར་བྱར་མེད་པ། ཀུན་འབྱུང་སྤངས་བར་བྱ་བ་དང་། སྤངས་པ་དང་། སླར་སྤངས་བར་བྱར་མེད་པ་དང་། འགོག་པ་མངོན་དུ་བྱ་བ་དང་། བྱས་ཟིན་པ་དང་། སླར་མངོན་དུ་བྱར་མེད་པ་དང་། ལམ་བསྒོམ་པར་བྱ་བ་དང་། བསྒོམས་ཟིན་པ་དང་། སླར་བསྒོམ་དུ་མེད་པ་ཞེས་པ་ཆོས་ཞེས་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་རྣམ་པ་བཅུ་གཉིས་ཡོངས་སུ་དག་པ་སྟེ། རྟེན་ཅིང་འབྲེལ་བར་བྱུང་བའི་ཡན་ལག་བཅུ་གཉིས་དག་པས་ཀྱང་ངོ་། །སེང་གེ་བཞིན་དུ་ཚུགས་པ་མེད་པ་ཉིད་ན་ཡང་མཚན་མ་ཡོངས་སུ་དག་པའི་ཆོས་བསྟན་པའི་དང་། བསྡུ་བའི་དངོས་པོ་རྣམས་ཀྱིས་རབ་ཏུ་དང་བ་ལས་མགྲིན་པ་གྱེན་དུ་བཏེག་ཅིང་ཆོས་དང་དད་པའི་རྗེས་སུ་འབྲང་བའི་མུ་སྟེགས་ངན་པའི་རི་དྭགས་དང་རི་དྭགས་མོས་པ་ཚོལ་ བར་རུང་བ་ཆོས་ཀྱི་འཁོར་ལོའོ། །ཞེས་མངོན་པར་དགོངས་པ་རྣམས་པར་དག་པས་མགྲིན་པ་གྱེན་དུ་བཏེག་པའི་རི་དྭགས་དང་ རི་དྭགས་མོའོ། །ཞེས་གསུངས་སོ། ཞེས་དང་།<<གསང་འདུས་བསྐྱེད་རིམ་ལས>> རྟ་ བབས་ཀྱི་སྟེང་པད་ཟླ་ལ་འཁོར་ལོ་རྩིབས་བརྒྱད་དམ་བཅུ་པ་རི་དྭགས་ཕོ་མོ་བས་པ་ནི་ཆོས་འཁོར་བསྐོར་བ་དང་། གདུལ་བྱ་འདུ་ཞིང་ཆོས་ལ་འདུན་པ་རྒྱུན་མི་ཆད་པའི་རྒྱུ་མཐུན་གྱི་རྟེན་འབྲེལ་ཏེ། སྔོན་སྟོན་པས་ཝཱ་ར་ནཱ་སིར་ཆོས་འཁོར་ཐོག་མར་བསྐོར་བའི་ཚེ་ཚངས་པ་ཆེན་པོས་ གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན་ཕུལ་བ་ན། ནགས་ནས་རི་དྭགས་ཕོ་མོ་གཉིས་བྱུང་སྟེ་མིག་མི་འཛུམ་པར་བལྟ་བ་ནི་དུད་འགྲོ་ཕལ་པ་མ་ཡིན་པར་སྤྲུལ་པ་ཡིན་པས། ཆོས་ལ་དོན་གཉེར་དགོས་པའི་བརྡ་ཡིན་པས་འདི་ཡང་དེ་དང་ཆ་མཚུངས་ཤིང་། དེ་ཐམས་ཅད་རང་གི་བློས་བཏགས་པའི་རྟེན་འབྲེལ་ཙམ་དུ་ཤར་བས། སྔགས་ལ་སྟོང་ཉིད་ཀྱི་ལྟ་བ་འཚོལ་བའི་ཐབས་མདོ་ལས་ལྷག་པ་མང་པོ་ཡོད་ཅེས་པ་འདི་ འདྲའི་སྟེང་ནས་གོ་དགོས་ཞེས་ཀྱང་གསུངས།
<<དངུལ་ཆུ་ངྷརྨ་བྷ་དྲའི་གསུང་འཇིགས་བྱེད་བསྐྱེད་རིམ་ཟིན་བྲིས་ལས།>>ཆོས་འཁོར་གྱིས་སངས་རྒྱས་དང་། རི་དྭགས་གཉིས་ཀྱིས་མུ་སྟེགས་བྱེད་མཚོན་པར་གསུངས་པ་དང་། <<མཁས་པའི་དབང་པོ་རྗེ་ཤེས་རབ་རྒྱ་མཚོའི་འཇིགས་བྱེད་བསྐྱེད་རིམ་ལས།>> རྩེ་ མོར་འཁོར་ལོ་རྩིབས་བརྒྱད་པའམ་བཅུ་པ་ཕྱི་མ་གཙོ་སྙམ། དེའི་གཡས་གཡོན་རི་དྭགས་ཕོ་མོ་གཉིས་མིག་མི་འཛུམ་པར་བལྟ་བ་འདི་ལ་མཚོན་དོན་གྱི་ཁུངས་གསལ་པོ་མ་མཐོང་ཡང་། ལུས་དཀྱིལ་དང་བསྟུན་ན་ཡིད་ཀྱི་རྣམ་ཤེས་སྒྲིབ་བྲལ་རྣམ་པར་དག་པ་མཚོན་པ་དང་། ཡང་ན་རི་དྭགས་ལ་གཞན་གྱིས་བདག་ཏུ་བཟུང་བ་མེད་པས་བདག་མེད་མཚོན། དེ་གཉིས་ཆོས་འཁོར་གྱི་གཡས་གཡོན་དུ་གནས་པས་བདག་མེད་སྟོན་པའི་ཆོས་ཀྱི་འཁོར་ ལོ་བསྐོར་བ་མཚོན་ནམ་ཞེས་པཎ་ཆེན་ངོ་མཚར་རྒྱ་མཚོས་གསུངས་ཞེས་གསལ།<<ལོ་རྒྱུས་དེབ་ཐེར་དག་ཏུ་གསུངས་པ་ལྟར>>སྔོན་ བདག་ཅག་གི་སྟོན་པ་ལ་ཚངས་པས་འཁོར་ལོ་རྩིབས་སྟོངས་ཤིག་ཕུལ་ཏེ་དམ་པའི་ཆོས་གསུང་བར་གསོལ་བ་འདེབས་པའི་ཚེ་ན།ནགས་ནས་རི་དྭགས་ཕོ་མོ་ཟུང་གཅིག་འོངས་ཏེ་འཁོར་ལོར་མིག་མི་ཟུམ་པས་ལྟ་བ་ལ།སངས་རྒྱས་ཀྱིས་ཚུལ་དེ་ལ་བརྟེན་ནས་འཕགས་ལམ་ཡན་ལག་བརྒྱད་འཁོར་ལོ་དང་སྦྱར་ཞིང་།དེ་གང་གི་རྒྱུད་ལ་འཕོ་བའི་གང་ཟག་ཕོ་མོ་གཉིས་རི་དྭགས་གཉིས་སུ་སྦྱར་ཏེ།འཁོར་ལོ་ནི་དམ་པའི་ཆོས།རི་དྭགས་ནི་གདུལ་བྱ་ སྟེ།ཐེག་པ་ཆེ་ཆུང་དང་།གྲུབ་མཐའ་གོང་འོག ལྷ་མི་སོགས་མཚོན་ཞེས་བཀོད་དོ།
<<བཟོ་གནས་སྐྲ་རྩེའི་ཆུ་ཐིགས་ལས།>>རི་དྭགས་དང་ཆོས་འཁོར་གཉིས།
༡-ཆོས་ ཀྱི་འཁོར་ལོའི་གྲུབ་ཆ་ནི།འཁོར་ལོ་འཛིན་བྱེད་ཀྱི་ལྟེ་བ་དང་།གཅོད་བྱེད་ཀྱི་རྩིབས།ལྡུད་བྱེད་ཀྱི་མུ་འཁྱུད་གསུམ་སྟེ།དེ་ལས་མང་མི་དགོས་ཤིང་ཉུང་ནའང་མིན་ཏེ།འདིས་མཚོན་བྱ་ནི།སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་གདན་དང་ཡངས་པ་ཅན་སོགས་ཀྱི་གནས་མཆོག་ཏུ་སྲིད་པའི་ནད་ཐམས་ཅད་འཇོམས་ཤིང་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཐབས་དང་སྨན་མཆོག་དམ་པ་སྟེ།གདུལ་བྱ་རིགས་ཅན་གསུམ་ལ་རང་རང་གི་ སྐལ་པ་དང་འཚམས་པའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར།དེའང་ཚུལ་ཁྲིམས་དང་།ཏིང་ངེ་འཛིན་དང་།ཤེས་རབ་སྟེ་ལམ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་དང་།ཐམས་ཅད་བསྡུས་ན་འདུལ་བ་དང་།མདོ་སྡེ་དང་།མངོན་པ་བཅས་ཆོས་སྡེ་སྣོད་གསུམ་དུ་འདུས་ ཤིང་།གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་པ་ཐམས་ཅད་རྩད་ནས་འབྱིན་པའི་གཉེན་པོའང་འདི་གསུམ་ཁོ་ན་ཡིན་པ་མཚོན།༢-རི་དྭགས་ཕོ་མོ་གཉིས་ཀྱིས་ཆོས་འཁོར་གྱི་རྩེ་མོ་ གཅིག་ཏུ་ལྟ་བ་ནི།ཕྱི་ནང་གི་གྲུབ་མཐའ་འཛིན་པ་ལ་སོགས་སྐྱེ་བོ་མཆོག་དམན་སུ་ལྟ་ བུ་ཡིན་ཡང་།མཐར་ཐུག་འབྲས་བུ་སྐུ་གསུམ་ལ་དམིགས་ཤིང་བགྲོད་པའི་ལམ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པའི་ལམ་མཆོག་བསླབ་པ་གསུམ་ལས་གཞན་དུ་མ་མཆིས་པ་ མཚོན་པ་ཡིན་ནོ།། ཞེས་གསུངས་བའི་ཡིན་པའི་ཕྱིར་རོ།།
༼ དོན་བསྡུས་ན། ༽
༡-ཆོས་འཁོར་གྱིས་ནི་སྟོན་པ་སངས་རྒྱས་དང་།དེས་གསུངས་པའི་ཆོས་མཚོན་པ།
༢-རི་ དྭགས་གཉིས་ཀྱིས་ནི།ཚངས་པ་བརྒྱ་བྱིན་གྱིས་མཚོན་པའི་འདུལ་བྱའི་རིགས་མཐའ་དག་སྟེ།དེ་ཡང་རྣ་བ་ཡར་བཏེགས་པས་(ཐོས་པ)་དང་།མིག་འཛུམ་པར་ལྟ་བས་(བསམ་པ)།རྐང་ལག་ ས་ལ་ཉལ་བས་(སྒོམ་པའི)་ཚུལ་བསྟན་པ་མཚོན་པའོ།།
-------ཞེས་བའི་ཆོས་གྲོགས་ཐོས་སྒྲོག་ལགས་ཀྱི་༼''རི་དྭགས་ཆོས་འཁོར་གྱི་ཞལ་ རས'' ལས་མཐོང་བའི་འཇིག་རྟེན་གཞན་ཞིག༽ཞེས་བའི་རི་དྭགས་དང་ཆོས་འཁོར་གཉིས་ཀྱི་མཚོན་དོན་གྱི་དགག་ལན་ཡིན་པ་ལས་གཞན་མེད་དོ།།
༢༠༡༣/༧/༧ཉིན་རོང་བོ་དགོན་ནས།