ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
 རྩོམ་ཡིག་ཀློག་པ།

ང་དང་ངའི་ཨ་མ།

  རྩོམ་པ་པོ:སྣ་ཚོགས་གཟུགས་ཅན་ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1568ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/4/27 22:08:33ཚོགས་ཡར་སྤྲོད:admin
ང་དང་ངའི་ཨ་མ།

 ཁར་ཚང་དེ་རིང་ཞིག་ལ་ངས་ཨ་མ་ཧ་ཅང་དྲན་གྱིན་འདུག དྲན་ཚུལ་འདི་ཡང་དམིགས་བསལ་ཞིག་རེད། དྲན་བཞིན་དྲན་བཞིན་སྙིང་ནང་དུ་གཟེར་རྒྱུག དེ་ནས་རྒྱབ་ཀྱི་སོག་བར་ནས་མདུན་གྱི་བྲང་གི་བར་དུ་ལྕགས་གཟེར་རིང་པོ་ཞིག་བརྒྱབ་པ་དང་འདྲ་བའི་གཟེར་ཤུགས་ཤིག་གིས་བསྡམས་ཏེ། ཤུགས་རིང་ཡང་ཡང་མ་འབྱིན་ན་དབུགས་ཀྱང་དབྱིན་རྔུབ་དཀའ་བའི་ཚོད་དུ་སླེབས་ཀྱིན་གདའ། དེ་རིང་སྔ་དྲོ་བུ་སློབ་གྲྭར་ཕྱིན་རྗེས་ང་རང་གཅིག་པུ་སྤང་ཐོག་ཅིག་ཏུ་ཕྱིན་ཏེ་ཨ་མའི་སྐོར་ལ་བསམ་བློ་བཏང་། ལོ་མང་པོ་ཞིག་གི་རིང་དཔེ་ཀློག་དང་དེབ་འབྲི་རྒྱུ་སོགས་ཀྱི་བྲེལ་ཟིང་གིས་དེ་རིང་ལྟ་བུ་སྤང་ཐོག་ན་ཉི་མར་ལྡེས་ནས་ལྷོད་ལྷོད་བྱེད་མྱོང་མེད་པས། དེ་རིང་འཇིག་རྟེན་གཞན་ཞིག་ལ་སླེབས་པ་ལྟ་བུའི་ཚོར་སྣང་ཞིག་ཀྱང་བྱུང་། དེ་དང་མཉམ་དུ་ང་ཆུང་ནས་བཟུང་ཡུལ་གྱར་དུ་མ་ཕྱིན་བར་གྱི་ཨ་མ་དང་ངེད་གཉིས་ཀྱི་ལོ་རྒྱུས་མང་པོ་ཞིག་ཀྱང་གློག་བརྙན་ལྟར་སླར་ཡང་མིག་ལམ་ལ་འཁོར།
 ཨ་མ་ལ་སྔར་ནས་ང་ལས་ལོ་བཅུ་གཉིས་ཀྱིས་ཆེ་བའི་ངའི་གཅེན་པོ་ཡོད་པ་དང་། ངའི་ཡབ་ཀྱི་སྲིང་མོ་དང་ཨ་མའི་གཅེན་པོ་གཉིས་གཟའ་འཚོ་བྱས་ནས་ཡུན་རིང་འགོར་ཡང་ཁོང་གཉིས་ལ་ཕྲུ་གུ་མེད་པ་བཅས་ཀྱིས་ང་སྐྱེས་ནས་ཟླ་དྲུག་ལོན་སྐབས་ཡབ་ཀྱི་བཀའ་ལྟར་ངའི་ཞང་པོ་ཚང་ལ་བུ་སྐལ་དུ་ཕྱིན། དེ་ནས་བཟུང་ང་ཞང་པོ་ཚང་གི་ཁྱིམ་ནས་འཚར་ལོངས་བྱུང་། འདི་ཚོའི་སྐོར་གཟིགས་འདོད་ཡོད་པ་རྣམས་ཀྱིས་ངའི་ལོ་རྒྱུས་༼ མི་ཚེའི་དོན་སྙིང་རྙེད་པའི་སྤོབས་པ་༽ཤེས་རབ་ཀྱི་འོད་སྣང་གི་དྲ་ཐོག་ཏུ་ཡོད་པའི་ལེའུ་དང་པོ་ལ་གཟིགས་མཛོད། ང་ཚོའི་འབྲོག་སྡེ་ཆེན་པོ་དེ་ཁྱིམ་ཚང་ཁག་བགོས་ཀྱིས་དབྱར་དགུན་སྟོན་དཔྱིད་ཀྱི་མཚེར་ས་བརྗེ་དགོས་སྟབས། ནམ་རྒྱུན་ངའི་ཨ་མ་ཚང་དང་ངེད་ཚང་གཉིས་རུ་སྐོར་ཡིན་ཡང་སྐབས་ལན་རེར་ལོ་གཅིག་རེ་ཡར་མར་ལ་རུ་འཐོར་དུ་འགྲོ་བས་ཨ་མ་དང་ངེད་གཉིས་རྒྱུན་དུ་ཐུག་མི་ཐུབ། དེས་ན་ང་ཨ་མ་ཐུག་ཏུ་འགྲོ་དགོས་ཞེས་ཞང་པོ་མཆོག་ལ་ཨུ་ཚུགས་ཆེན་པོ་བྱས་དུས་ཁོང་གིས་ང་གཡག་ལ་བསྐྱོན་ནས་ཨ་མའི་སར་ཁྲིད་ཀྱི་ཡོད་མོད། ལམ་ཐག་ཉིན་གཅིག་ཙམ་ལ་འགྲོ་དགོས་པས་ཧ་ཅང་ཐང་ཆད་པའི་སྣང་བ་ཤར་གྱི་ཡོད། ང་ཚོ་བོད་ལ་ཕ་མས་ཕྲུ་གུར་རྡུང་བའི་ལུགས་སྲོལ་ཡོད་པ་དང་། ང་ཡང་སྐད་གྲགས་ཆོད་པའི་ཕྲུ་གུ་འཚུབ་ཐོ་ཞིག་ཡིན་སྟབས་ཨ་མས་ང་ལ་ཡང་ཡང་རྡུང་གི་ཡོད་ཅིང་། ཨ་མས་རྡུང་སྐབས་ཨོང་ཤ་ལ་གཅུ་སྐོར་རྒྱག་པ་དེས་སྡུག་ཅིག་མི་འདུག
ང་ཞང་པོ་ཚང་གི་ཁྱིམ་དུ་ཡོད་ཀྱང་ཐེངས་མང་པོར་ཨ་མ་ཡོད་སར་སོང་ནས་ཨ་མའི་རུམ་ལ་ཉལ་གྱི་ཡོད། དེའི་རྒྱུ་མཚན་གཙོ་བོ་ནི་ཨ་མས་གནའ་གཏམ་མང་པོ་བཤད་ཀྱི་ཡོད་པའི་རྐྱེན་གྱིས་རེད། ཨ་མས་ང་ལ་གནའ་གཏམ་མི་འདྲ་བ་བརྒྱ་ལས་མང་བ་བཤད་མྱོང་ཞིང་། རྗེས་སུ་རྒྱ་གར་ཆོས་འབྱུང་དང་། མ་ཎི་བཀའ་འབུམ། མི་རོ་རྩེ་སྒྲུང་། སྣང་ས་འོད་འབུམ། ཆོས་རྒྱལ་ནོར་བཟང་། དྲི་མེད་ཀུན་ལྡན། པདྨ་བཀའ་སོགས་ཡིག་ཐོག་ནས་མཇལ་སྐབས་ཨ་མའི་གནའ་གཏམ་མང་པོ་ཞིག་ཀྱང་སྐབས་རེར་ཅུང་མི་འདྲ་ས་རེ་ཡོད་པ་ལས་དོན་ལ་དེ་དག་ཡིན་པར་གཟོད་ཧ་གོ་བ་བྱུང་། དགའ་རབ་རྡོ་རྗེས། ངས་དཔལ་རྡོ་རྗེ་སེམས་དཔར་ཆོས་ཉན་ཕྱིན༎ རྡོ་རྗེ་སེམས་དཔས་ཅི་ཤེས་ང་ཡིས་ཤེས་གསུངས་ཟིག ༼ ཟིག་ནི་ཡུལ་སྐད་དེ་གསུངས་པ་རེད་ཟེར་བའི་དོན།༽ ཞེས་པ་དང་། གཡུ་སྒྲ་སྙིང་པོས། ཀ་ཀ་པ་རི། ཀ་ཀ་པ་རི་ཞེས་གསུངས་དུས། རྒྱ་གར་པཎ་ཆེན་བི་མ་ལ་མི་ཏྲས་བརྡ་ཐིམ། བརྡ་ཐིམ་ཞེས་གསུངས་ཟིག ཟེར་བ་སོགས་ད་དུང་ཡང་རྣ་ལམ་ལ་འཁོར་སྙམ་བྱེད་ཀྱི་འདུག ཨ་མས་ང་ལ་གནའ་གཏམ་དེ་དག་བཤད་སྐབས་གནའ་གཏམ་ཕལ་ཆེ་བ་ལ་རྒྱལ་རབས་ཟེར་གྱི་འདུག དེར་བརྟེན་ཨ་མས་ང་ལ་དོ་དགོང་ཅི་ཞིག་བཤད་དགོས་སམ་ཞེས་གསུངས་དུས། ངས་དོ་དགོང་རྒྱལ་རབས་ཤིག་ཤོད་དང་ཅེས་ཟེར་གྱི་ཡོད་ཅིང་། ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་སོགས་ཅུང་རིང་བས་ཞག་མ་གཅིག་དང་གཉིས་སོགས་ལ་མུ་མཐུད་ནས་མ་བཤད་ན་མཇུག་རྫོགས་ཀྱི་མི་འདུག
ང་ཆེར་སྐྱེས་ནས་མགོ་ལོག་ཁྲ་གླིང་དགོན་དུ་ཞུགས་ཏེ་སློབ་གཉེར་བྱེད་སྐབས་ཨ་མས་ང་ལ་རྒྱུན་དུ་བཟའ་བཏུང་སྐྱེལ་གྱི་ཡོད། དེ་ཡང་ང་ཚོའི་དགོན་པར་མོ་ཁྲིམས་ཡོད་ཅིང་། མོ་ཁྲིམས་ཟེར་བ་ནི་དགོན་པའི་ནང་དུ་བུད་མེད་ཡོང་མི་ཆོག་པའི་ཁྲིམས་ཤིག་རེད། དགོན་པའི་ཕྱོགས་རེ་རེ་ལ་ཐོ་རེ་རེ་ཡོད་པ་དང་། ཐོ་དེ་ཚོའི་ནང་ཚུན་ཆད་ལ་བུད་མེད་ཡོང་མི་ཆོག་པས་ཨ་མས་རྒྱུན་དུ་ང་ལ་འཐེན་ཐུག་སོགས་བསྐོལ་ནས་སྟབས་བདེའི་སྣོད་ནང་དུ་བླུགས་ཏེ་ཐོ་རྩ་བར་སྐྱེལ་ཞིང་། ང་ཡང་ཐོ་རྩ་བར་ལེན་དུ་འགྲོ་གི་ཡོད། ཆོས་ཁྲིད་ཀྱི་སྐབས་སུ་ཉིན་གུང་གི་དུས་ཚོད་ཅུང་ཐུང་སྟབས་སྔ་དྲོའི་ཆོས་ཁྲིད་མ་གྲོལ་གོང་ནས་ཨ་མ་ཐོ་རྩར་ཡོང་སྟེ་ང་ལ་སྒུག་གི་ཡོད་པས། ང་ཚོགས་ཆེན་འདུ་ཁང་གི་ཕྱི་ལོགས་སུ་ཐོན་མ་ཐག་དགོན་པའི་གཡོན་ཕྱོགས་ཀྱི་ཐོ་རྩ་ལ་ཨ་མ་ཡོང་མེད་བལྟ་གི་ཡོད། དེ་རིང་བསམ་བློ་བཏང་ན་འདི་ཡང་ཡ་མཚན་ཞིག་རེད། ང་ཚོའི་དགོན་པའི་གྲྭ་བ་མང་པོ་ཞིག་གི་ཕ་མ་དགོན་པའི་ཐག་ཉེ་ན་ཡོད་ཀྱང་ངའི་ཨ་མ་གཅིག་པོ་མ་གཏོགས་ཐོ་རྩ་ལ་ཟས་གཡོ་སྐོལ་བྱས་ནས་སྐྱེལ་ཡོང་མཁན་གཅིག་ཀྱང་མི་འདུག
ང་ཆུང་དུས་ཀྱི་ང་ཚོའི་སྡེ་བའི་ནང་གི་རྩེད་གྲོགས་བུ་ཕལ་ཆེར་གྱིས་གྲྭ་བ་བྱས་རྗེས་གྲོང་ཆོག་འགྲིམ་ནས་སོ་སོའི་ཕ་མ་རྒས་འཁོག་རྣམས་གསོ་གི་ཡོད་མོད། ང་སློབ་གཉེར་ལ་མགོ་འཁོར་ནས་དེ་ལྟར་བྱེད་རྒྱུ་བྱུང་མེད། དེའི་ཁར་ངའི་བླ་མ་མཁན་ཆེན་ཕྲིན་ལས་དབང་རྒྱལ་ཚང་གིས་ཀྱང་། དཔེ་ཆ་ཡག་པོ་ཞིག་ཨེ་ཤེས་བསམ་ན་དཀོར་ཁ་གྲོང་ཆོག་མ་འགྲིམ་ཞེས་གསུངས་པ་དང་། ཉག་བླ་པདྨ་བདུད་འདུལ་གྱིས་ཕ་མ་ལ་དྲིན་ལས་དཀོར་གྱིས་འཇལ་ན་ཕྱི་མ་དམྱལ་བའི་གཏིང་རྡོ་ལ་གཡུག་པ་ཡིན་ཞེས་གསུངས་པ་སོགས་ཀྱི་དབང་གིས། ངའི་ཨ་མ་ལ་ཟས་གོས་ཀྱི་ཞབས་ཏོག་ཡག་པོ་ཞིག་སྒྲུབ་ཐུབ་མེད་པར་མ་ཟད་ད་དུང་རྒྱང་རིང་པོར་སློབ་གཉེར་ལ་ཡང་ཡང་ཕྱིན་ནས་ཁོང་ལ་ཐུགས་ཁྲལ་གང་མང་བཟོ་མྱོང་ཡོད། རྒྱ་གར་དུ་སླེབས་རྗེས་སུ་ནི་གསར་འབྱོར་བ་ཚོའི་འཚོ་བའི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པས། སྐབས་རེ་ཟླ་རེའི་ཁང་གླ་ཡང་མ་འདང་བར་ཅི་དགའ་གང་དྲག་ལ་ཐུག་གི་ཡོད་སྟབས། བོད་དུ་ཕ་མ་ལ་དངུལ་ཞིག་བསྐུར་རྒྱུ་མེད་པ་ཀུན་གྱིས་ཤེས་གསལ་ལྟར་རེད།
 ༢༠༠༦ལོར་༧གོང་ས་ཆེན་པོས་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་དབང་ཆེན་གསུངས་སྐབས་བོད་ནས་ཆོས་ཞུ་མང་པོ་འབྱོར་བ་དང་། སྐབས་དེར་ང་དང་བཟའ་ཟླ་བུ་ཕྲུག་བཅས་རྡོ་རྗེ་གདན་གྱི་རྣམ་རྒྱལ་གྲྭ་ཚང་གི་མགྲོན་ཁང་རྙིང་པ་མ་ཧཱ་ཡ་ན་ཟེར་བ་དེའི་ནང་ལ་ཡོད། ཉིན་གཅིག་སྒོའི་ཕྱི་ལོགས་སུ་ཕྱིན་སྐབས། ད་སྐབས་ཡོ་རོབ་ལུགས་བསམ་བྷོར་དུ་བཞུགས་པའི་ངའི་ཆོས་གྲོགས། ལུགས་བསམ་བྷོར་བོད་ཀྱི་རིག་གཞུང་ཚོགས་པའི་འགན་འཛིན་དང་། ཧོ་ལན་ཌིའི་ཕུན་ཚོགས་ཆོས་གླིང་གི་བླ་མ་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་གྱི་ཕ་མ་རྒན་རྒོན་གཉིས་མགྲོན་ཁང་དེའི་སྒོའི་འཁྲིས་སུ་སླེབས་པ་དང་ཐུག་བྱུང་། ང་ཚོས་སྐད་ཆ་ཁྱུག་ཙམ་བཤད་སྐབས་ཕ་རྒན་གྱིས། ཞི་ལི་དྲིན་ཅན་པོའི་དྲིན་ལ་ངེད་གཉིས་ད་རེས་འདིར་ཡོང་ཐུབ་པ་རེད་ཟེར། སྐད་ཆ་དེས་ངའི་སྙིང་ཚལ་བ་དགུ་རུ་བཏང་སོང་བས་གཏན་ནས་བརྗེད་རྒྱུ་ཞིག་མི་འདུག་ལ། རང་ཉིད་ལ་འཇོན་ཐང་དེ་ལྟ་བུ་མེད་པར་ཡི་ཆད་ཀྱང་བྱུང་། དུས་དེ་ནས་བཟུང་སྟེ་ཉི་མ་དེ་རིང་བར་དུ་ཧ་ལམ་སྐད་ཆ་དེ་ངས་ཐེངས་སྟོང་ཕྲག་མང་པོ་ཞིག་ལ་ཡང་དྲན་བསྐྱར་དྲན་བྱས་ཡོད་ངེས་ཡིན། དེའི་ཉི་མ་དེར་ང་ལ་བློ་འགྱོད་ཆེན་པོ་ཞིག་ཀྱང་བྱུང་། བློ་འགྱོད་དེ་ནི་༢༠༠༣ལོར་གླིང་སྤྲུལ་རིན་པོ་ཆེ་རྒྱ་གར་དུ་ཕེབས་སྐབས། ཁྱོད་ཨ་རི་ལ་འགྲོ་ན་འདི་ལོའི་དབྱར་ཁར་ངས་ཕར་ཁྲིད་ཆོག་གསུངས་ཀྱང་། གཅིག་ནས་ང་རང་ཐོག་མར་རྒྱ་གར་དུ་ཡོང་སྐབས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཞབས་འདེགས་རེ་ཞུ་ཨེ་ཐུབ་ཀྱི་རེ་བ་བྱས་ནས་ཡོང་བ་དང་། གཉིས་ནས་རྒྱ་གར་ལ་གཏད་སྡོད་བྱས་ཏེ་བོད་ཀྱི་ཆོས་རིག་ལ་ཞབས་ཕྱི་ཕྲན་བུ་ཞིག་བསྒྲུབ་ཨེ་ཐུབ་སྙམ་བཞིན་ཡོད་པས་གནས་སྐབས་ཨ་རི་ལ་ཡོང་གི་མིན་ཞུས་པ་དེར་བློ་འགྱོད་བྱུང་བ་རེད། དེ་དུས་ང་ཨ་རི་ལ་སོང་ཡོད་ན་ངའི་ཨ་མ་ལ་ཡང་ངས་འགྲོ་སོང་བཏང་ནས་དེ་རིང་འདིར་ཁྲིད་ཐུབ་ཡོད་ན་ཐང་སྙམ་པ་བྱུང་།
 དེ་མཚུངས་ལོ་ཁ་ཤས་ཀྱི་གོང་ནས་དབྱིན་ཡུལ་ཀུན་བཟང་ཆོས་གླིང་གི་དབུ་ཁྲིད་མཁས་པ་དང་རྟོགས་པའི་དབང་ཕྱུག་ཆོས་རྗེ་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེ་མཆོག་དང་ཞལ་འདྲིས་བྱུང་ཞིང་། ཁོང་གི་མ་ཡུམ་རིན་པོ་ཆེ་དབྱིན་ཡུལ་དུ་ཕར་བསུས་ནས་ཉི་མ་རེ་རེ་བཞིན་ཞབས་ཏོག་སྒྲུབ་ཚུལ་རྣམས་མཐོང་བས། ཡང་བསྐྱར་ང་རང་ལ་འཇོན་ཐང་དེ་ལྟ་བུ་ཞིག་མེད་པར་ཡི་ཆད་ཆེན་པོ་བྱུང་། ཁོང་ལ་ཞལ་སློབ་མང་བས་ཁོང་གི་བཞེས་ལག་ཞལ་སློབ་རྣམས་ཀྱིས་བཟོ་བཞིན་ཡོད་ཀྱང་། མ་ཡུམ་ལ་དུས་གསུམ་ཀའི་བཞེས་ལག་ཁོང་སྐུ་ངོ་མའི་ཕྱག་གིས་བཟོ་བ་དང་། མ་ཡུམ་བསྙུན་སྐབས་ཕྱག་ཞབས་བཀྲུ་བ། དུས་རྒྱུན་མ་ཡུམ་ལ་བརྩི་བཀུར་ཆེ་ཞིང་ཁ་དྲི་འཇམ་པ། མ་ཡུམ་གྱི་དྲུང་ན་བླ་ཆེན་གྱི་ཉམས་མེད་པར་བྲན་གཡོག་ཉམས་ཆུང་ཞིག་གི་ཚུགས་ཀ་འཛིན་བཞིན་པ་སོགས་ཀྱིས། ངས་སེམས་ནང་དུ་ཁོང་ལ་ཆེས་ཚད་གཞི་མཐོ་བའི་གདེངས་འཇོག་དང་ཡིད་སྨོན་ཆེན་པོ་བྱུང་ཞིང་། སྤྱིར་ཡང་ད་སྐབས་སུ་ཞིག་མཁས་དབང་དང་། སུ་ཞིག་ཕྱུག་པོ། སུ་ཞིག་དཔའ་བོ། སུ་ཞིག་མཐོན་པོ། སུ་ཞིག་འཇོན་པོ་སོགས་རེད་ཟེར་ན་དེ་ཚོ་ལ་ཡིད་སྨོན་སྣ་གཅིག་སྐྱེ་བ་མི་འདུག་ཀྱང་། སུ་ཞིག་ཕ་མ་ལ་སྲི་ཞུ་སྒྲུབ་པའི་སྐྱེས་བུ་ཞིག་ཡིན་པ་མཐོང་ན། དེ་ལ་སེམས་ཀྱི་གཏིང་ནས་གློ་སྙིང་བྲང་གསུམ་ཤོར་འགྲོ་བ་ནི་ང་རང་གིས་ཨ་མ་ལ་སྲི་ཞུ་ཡག་པོ་སྒྲུབ་ཐུབ་མེད་པའི་རྐྱེན་གྱིས་ཡིན་ངེས་རེད། ང་རྒྱ་གར་དུ་འཚོ་བའི་དཀའ་སྡུག་དང་འཕྲད་ནས་སྡོད་སྐབས་ཤིག་ལ། ངའི་གཅེན་པོ་ཡང་ཐབས་མེད་ཀྱི་རྐྱེན་དབང་ཞིག་གིས་ལོ་གཉིས་ཙམ་ལ་ཡུལ་བྱོལ་དུ་འགྲོ་དགོས་བྱུང་འདུག་ཅིང་། དེའི་བར་དུ་ཨ་མས་དཀའ་སྡུག་མང་པོ་མྱང་དགོས་བྱུང་འདུག་པས། མི་གཞན་དག་གིས་མོ་ལ་བུ་གཉིས་ཡོད་པ་རེད། གཅིག་བླ་མ་རེད། གཅིག་ཚོང་བ་རེད། ཁོ་གཉིས་ཀྱི་ཨ་མའི་འཚོ་བའི་ཁ་ཐབས་ལ་ལྟོས་དང་། བུ་དེ་གཉིས་འདྲ་ཞིག་མེད་པར་ཤོག་ཅེས་སྨོན་ལམ་འདེབས་མཁན་དང་། ངེད་སྤུན་གཉིས་ལ་དམོད་མོ་བྱེད་མཁན་ཚུན་ཆད་ཀྱང་བྱུང་འདུག་མོད། ངེད་གཉིས་ཀྱང་ཨ་མ་ལ་བརྩེ་བ་མེད་པ་མིན་ཡང་ལས་ཀྱི་བསྐོས་ཐང་ལ་བཟུར་ཐབས་མ་བྱུང་བ་རེད། ང་ཨ་རིར་སླེབས་རྗེས་ངས་ཀྱང་དཀོར་ཟས་དང་མ་འབྲེལ་བའི་དངུལ་རེ་རག་ན་ཨ་མ་ལ་སྐུར་རྒྱུ་གང་ལོན་བྱས་པས་སེམས་ཅུང་སྐྱིད་པོ་ཞིག་བྱུང་། ཨ་རིའི་མི་སེར་ཆགས་རྗེས་ཨ་མ་དང་ཐུག་པར་འགྲོ་ཐུབ་པའི་རེ་བ་ཆེན་པོ་བྱས་ཡོད་ཀྱང་ད་དུང་ཨ་རིའི་མི་སེར་ཆགས་རྒྱུ་ལ་ལོ་གཅིག་འདུག་པས་དུས་ཡུན་ཧ་ཅང་རིང་། གང་ལྟར་ད་སྐབས་གློ་བུར་ཞིག་ལ་ཨ་མ་དྲན་ནས་སྡོད་མི་ཚུགས་པ་ཞིག་བྱུང་བཞིན་འདུག་པས་སེམས་མ་བདེ་བ་ཞིག་བྱུང་། དེར་བརྟེན་འཛམ་གླིང་ཤར་ནུབ་ཀུན་ཏུ་བཞུགས་པའི་དམ་གཙང་གི་ཆོས་གྲོགས་རྣམས་ཀྱིས་ངའི་ཨ་མ་ལ་སྐྱབས་འཇུག་རེ་གནང་རོགས།
                        སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༧ ལ་བྲིས།
·རྩོམ་ཡིག་གོང་མ:མི་ལ་རས་པའི་རྣལ་འབྱོར་རྟ་རྒྱུག་གི་གླུ་
·རྩོམ་ཡིག་འོག་མ:སྤྲུལ་སྐུའི་རྟོགས་བརྗོད་གཟུར་གནས་དགྱེས་པའི་མེ་ལོང་།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 9:14:00 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 12:21:58 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 18:23:56 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 52 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS