མི་ལ་རས་པས་རྣལ་འབྱོར་རྟ་རྒྱུག་གི་གླུ་བླངས་པ།
ཁྱི་ར་བ་གཞོན་པ་ཞིག་ན་རེ། ཁྱེད་རང་མི་རྩ་ཅན་ཞིག་འདུག་པ་ལ། འདི་འདྲའི་སྡུག་བྱེད་པ་བས་འཇིག་རྟེན་པ་བྱས་ན། རབ་རྟ་བཟང་སེང་ཕྲུག་འདྲ་བཞོན། འཁོར་གསུམ་ཚེར་མ་འདྲ་བ་བཏགས་ནས། སྡང་བའི་དགྲ་བཏུལ། ནོར་ལོངས་སྤྱོད་འཛོམས་པོས་བྱམས་པའི་གཉེན་བསྐྱངས་པས་སྐྱིད་ཡོང༌། དེ་མིན་ཚོང་བྱས་རུང་རང་མགོ་ཐོན་པས་སྐྱིད་ཡོང༌། ཐ་མ་མི་གཡོག་བྱས་ཀྱང་ལྟོ་གོས་བཟང་པོ་མྱོང་བས་ལུས་སེམས་འདི་འདྲ་བས་སྐྱིད་པ་ཡོང་སྟེ། སྔར་མ་ཤེས་འདུག ད་བྱས་པ་དྲག་ཟེར། རྒན་པ་ན་རེ། ཁོང་ཆོས་པ་སྒྲུབ་པ་པོ་དགའ་མོ་རང་ཞིག་ཡིན་རིགས་སུ་འདུག་པས། འུ་ཅག་འཇིག་རྟེན་པའི་ཁ་ལ་ཉན་དོགས་མེད་ཁ་རོག་སྡོད། དེ་བས་ཁྱེད་གྲེ་བ་བདེ་མོ་རང་ཞིག་འདུག་པས། ངེད་ཚོའི་སེམས་ལ་ཕན་པའི་གླུ་ཞིག་ལོང་དང་ཟེར་བས། ང་ལ་ཁྱེད་རྣམས་ཀྱིས་བལྟས་ན་ང་སྡུག་སྡུག་འདྲ་སྟེ། འཇིག་རྟེན་འདི་ན་ང་བས་སྐྱིད་པ་དང་ཤེས་པ་བསམ་བློ་ཐོངས་པ་གཞན་མེད་པ་དེ་ཁྱེད་རྣམས་ཀྱིས་མ་གོ། ང་ལ་ཁྱེད་རྣམས་ཀྱི་རབས་དང་མཐུན་པའི་སྐྱིད་ལུགས་འདི་འདྲ་ཡོད་པས་ཉོན་ཅིག་བྱས་རྣལ་འབྱོར་རྟ་རྒྱུག་གི་གླུ་འདི་བླངས་སོ། །
ཕ་དྲིན་ཅན་མར་པའི་ཞབས་ལ་འདུད། ། ང་རང་ལུས་རི་བོའི་དགོན་པ་ན། །
བྱང་ཁོག་སྟོད་ཀྱི་ལྷ་ཁང་ན། །ཟུར་གསུམ་སྙིང་གི་དབུ་རྩེ་ན། །
སེམས་ཀྱི་རྟ་ཕོ་རླུང་ལྟར་འཕྱོ། ། རྟ་འཛིན་ན་ཞགས་པ་གང་གིས་འཛིན། །
བརྟོད་ན་ཕུར་པ་གང་གིས་བརྟོད། །ལྟོགས་ན་ཟས་སུ་ཅི་ཞིག་སྟེར། །
སྐོམ་ན་ཆུ་རུ་ཅི་ཞིག་ལྡུད། །འཁྱགས་ན་རྭ་བ་གང་དུ་འཛུད། །
རྟ་འཛིན་ན་གཉིས་མེད་ཀྱི་ཞགས་པས་འཛིན། །བརྟོད་ན་ཏིང་འཛིན་གྱི་ཕུར་པས་བརྟོད། །
ལྟོགས་ན་བླ་མའི་གདམས་ངག་སྟེར། །སྐོམ་ན་དྲན་པའི་ཆུ་རྒྱུན་ལྡུད། །
འཁྱགས་ན་སྟོང་ཉིད་ཀྱི་རྭ་བར་འཇུག །ཐབས་ཤེས་གཉིས་ཀྱི་སྒ་སྲབ་སྤྲད། །
འགྱུར་མེད་བརྟན་པའི་གོང་རྨེད་བཅུག །སྲོག་རྩོལ་རླུང་གི་མཐུར་མདའ་བརྒྱུས། །
དེ་ལ་རིག་པའི་ཁྱེའུ་ཆུང་ཞོན། །ཐེག་ཆེན་སེམས་བསྐྱེད་རྒྱ་རྨོག་གྱོན། །
ཐོས་བསམ་སྒོམ་པའི་འཇོལ་ཁྲབ་གྱོན། །བཟོད་པའི་ཕུབ་ཆུང་རྒྱབ་ཏུ་ཁུར། །
ལྟ་བའི་མདུང་རིང་ལག་ཏུ་ཐོགས། །ཤེས་རབ་ཀྱི་རལ་གྲི་གློ་ལ་བཏགས། །
ཀུན་གཞི་འཇམ་པའི་སྨྱུག་མ་ལ། །ཁོང་ཁྲོ་མེད་པའི་འཁྱོག་ཅིག་བསྲང༌། །
ཚད་མེད་བཞི་ཡི་སྒྲོ་ཞིག་བསྐྱོན། །ཤེས་རབ་རྣོན་པོའི་མདེའུ་བཙུགས།།
སྟོང་པ་ཉིད་ཀྱི་གཞུ་མོ་ལ། ། ཐབས་ལམ་ཟབ་མོའི་ལྟོང་སྦྱར་ནས། །
ཟུང་འཇུག་ཡངས་པའི་འདོམ་ལ་འཇལ། །མདའ་འཕེན་པ་རྒྱལ་ཁམས་ཡོངས་ལ་འཕེན། །
ཕོག་པ་དད་པ་ཅན་ལ་ཕོག །ཤི་བ་ངར་འཛིན་གྱི་འགོང་པོ་ཤི། །
དེ་ཕྱིར་དགྲ་ནི་ཉོན་མོངས་འདུལ། །གཉེན་ནི་འགྲོ་དྲུག་སེམས་ཅན་སྐྱོང༌། །
རྟ་རྒྱུག་ན་བདེ་ཆེན་ཐང་ལ་རྒྱུག །སྙོག་ནི་རྒྱལ་བའི་གོ་འཕང་སྙོག །
དཀྱུས་སྨད་འཁོར་བའི་གཞི་རྩ་བཅད། །དཀྱུས་སྟོད་བྱང་ཆུབ་སྐམ་སར་སླེབས།།
རྟ་དེ་ལྟར་བརྒྱུགས་པས་སངས་རྒྱས་ཐོབ། །ཁྱེད་ཀྱི་སྐྱིད་དང་འདྲའམ་ལྟོས། །
འཇིག་རྟེན་གྱི་སྐྱིད་ལ་སྨོན་རྒྱུ་མེད། ། བྱས་པས། ཁོང་རྣམས་དད་པར་གྱུར་ནས་སོང་ངོ༌། །