ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> གླིང་སྒྲུང་།
 རྩོམ་ཡིག་ཀློག་པ།

གླིང་གེ་སར་གྱི་སྐུ་ཚེའི་མཛད་པ་མདོ་ཙམ་བརྗོད་པ།

  རྩོམ་པ་པོ:པད་ནོར།ཡོང་ཁུངས:མཚོ་སྔོན་པོ།གཟིགས་གྲངས:7908ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/3/10 16:00:58ཚོགས་ཡར་སྤྲོད:admin
གླིང་གེ་སར་གྱི་སྐུ་ཚེའི་མཛད་པ་མདོ་ཙམ་བརྗོད་པ།
 
༄༅།།  སྔོན་བྱུང་ལོ་རྒྱུས་གཏམ་གྱི་མེ་ཏོག་ཆར།།   
བདེན་གསུང་མཁས་དགུའི་གསུང་གི་དྲི་བསུང་ཅན།།                                  
གངས་ཅན་ཤེས་བྱའི་ཚལ་དུ་འགྲེམ་པ་ལ།། 
འཁྲུལ་མེད་དཔྱད་གསུམ་རིག་པའི་སྟོབས་ཀྱིས་དྲངས།། 
རབ་འབྱམས་རྒྱལ་དང་རྒྱལ་བའི་སྲས་རྣམས་ཀྱི །། 
དག་དང་མ་དག་གསུལ་བྱའི་ཞིང་རྣམས་སུ།།  
བདུད་དང་དགྲ་ཡི་མགོ་བོ་གཞོམ་པའི་ཚུལ།།   
འདི་ན་དོན་ལྡན་གཏམ་གྱི་འཕྲེང་བར་སྤེལ །།
    ངས་འདི་ནས་ཀྲུང་དབྱང་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དཔའ་རིའི་བརྩོན་འགྲུས་རྒྱ་མཚོ་ནས་གླིང་གེ་སར་ལོ་རྒྱུས་སྐོར་གྱི་དྲི་བ་བྱས་པ་ལ་རང་གི་ཤེས་ཚོད་ཀྱིས་ཅུང་ཟད་བྲིས་ན།      ཐོག་མར་ཤར་ཁྲ་མོ་གློང་ཞེས་པ་འདིའི་རིགས་རུས་དང་སྡེ་བ་མཆེད་ཚུལ་ནི།   སྤྱིར་བོད་འདི་ལ་རུས་ཚན་ཆེ་བ་བཞི་སྟེ།  བསེ་ཆུང་སྤྲ །   སྨུག་པོ་ལྡོང་།  དམུ་ཚ་དགའ།  ཨ་ལྕག་འབྲི་དང་བཞི་ལས།  ལྡོང་གི་རིགས་གཙོ་བོ་ལ་ཨ་སྤོ་ ལྡོང་ཞེས་ཟེར་ལ།  ཨ་སྤོ་ལྡོང་ནི་ཕུ་བོ་བྱ་ཐུལ་ལྡོང་དང་།   ཡུམ་མཆོག་འབྲི་སྣ་མ་ཞེས་བྱ་བ་ལས་བྱུང་བའི་རིགས་ ཡིན་ལ།  འདི་ལ་དཀར་བོ་གདོང་དང་།  ནག་པོ་གདོང་།  ཁྲ་བོ་གདོང་།  སྨུག་པོ་གདོང་དང་བཞི་ལས། སྨུག་པོ་གདོང་ལས་རིམ་པར་མཆེད་པ་གདོང་ར་ཁྲ་རྒན་པོ།   གདོང་རུ་ཁྲ་བ།  དེ་ནས་གདོང་ཆོས་འཕན་ནག་པོ་ འདིའི་གསེར་ཟ།  འོམ་ཟ།   སྤྱང་ཟ་གསུམ་ཁབ་དུ་བཞེས་པའི་བུ་གསེར་བུ་ལྷ་ཡག་དར་དཀར།     འོམ་བུ་ཁྲི་སྤྱང་ དཔལ་རྒྱལ།   སྤྱང་བུ་དགྲ་འདུལ་འབུམ་མེ་དང་གསུམ་འཁྲུངས་བ་ལས་སྟོད་གླིང་གསར་བ་མཆེད་བརྒྱད།  བར་ གླིང་འོམ་བུ་ཚོ་དྲུག  སྨད་གླིང་མི་སྤྱང་སྡེ་བཞི་ཞེས་གླིང་ཆེ་འབྲིང་ཆུང་གསུམ་ཆགས།  དེའི་ནང་གི་ཆུང་རྒྱུད་ནི་ དགྲ་འདུལ་འབུམ་མེའི་སྲས་ཐོག་ལྷ་འབུམ།   དེའི་སྲས་ཆོས་ལྷ་འཕན་དང་།  བླ་མ་འཕན་དང་ཆོས་འཕན་ནག་པོ་ དང་གསུམ་ཡོད་པ་ལས། དེའི་རོང་ཟ།  རྒ་ཟ།  རྨུ་ཟ་གསུམ་ཁབ་དུ་བཞེས་པའི་བུ་ཆེ་བ་རོང་ཚ་ཁྲ་རྒན།   འབྲིང་བ་ཁྲོ་ཐུང་རྒྱལ་པོ།  ཆུང་བ་སེང་བློན་རྒྱལ་པོ་དང་གསུམ་འཁྲུངས་ཤིང་།  དེའི་ནང་གི་བུ་འབྲིང་བ་ཁྲོ་ཐུང་ རྒྱལ་པོའི་ཆེ་རྒྱུད་གསེར་བའི་སྡེ་མགོ་འཚོས་བ་ལས་གཞན་གཉིས་ཆུང་རྒྱུད་རྨུ་བའི་སྡེ་མགོ་འཚོས།  དེའི་སྐབས་སུ་གླིང་ ཡུལ་སྟོད་རྨད་ཐམས་ཅད་སྡེ་ལ་བཙན་ཕྱུག་འཛོམས།  བུ་ལ་དཔའ་རྩལ་རྒྱས་ཏེ་ཕྱོགས་བཞིའི་རྒྱལ་ཁབས་ ཐམས་ཅད་ཀྱི་སྨོན་པ་འཆོར་ས་དང་།  བདུད་རིགས་ཐམས་ཅད་ཀྱི་ཡིད་ལ་མི་དགའ་ལྷང་ངེ་བ་ཞིག་ཏུ་གྱུར།  དེའི་སྐབས་སུ་ལྡོང་ཁུ་བོ་སྤྱི་དཔོན་རྒྱལ་པོ་དེའི་ཐུགས་ལ་གླིང་དཀར་པོའི་སྡེ་བ་རྒྱ་ཆུང་བ་དང་། མ་ཟད་ཤར་ན་གུར་ དཀར་རྒྱལ་པོ།  ལྷོ་ན་ཤིང་ཁྲི་རྒྱལ་པོ།  ནུབ་ན་ས་དམ་རྒྱལ་པོ། བྱང་ན་ཀླུ་བཙན་རྒྱལ་པོ་སོགས་མཐའ་བཞི་ བདུད་ཀྱིས་བཟུང་ཞིང་།   ཕྱོགས་ཐམས་ཅད་ན་བདུད་རིགས་ཀྱི་ཁ་དར་དེ་སངས་རྒྱས་ཀྱི་བསྟན་པ་བཤིག  སེམས་ཅན་ཀྱི་བདེ་སྐྱིད་འཕྲོག་པའི་བདུད་རིགས་འདི་དག་རྩད་ནས་བརླག་ཐུབ་པའི་སྤྲུལ་བའི་རྒྱལ་པོ་ཞིག་གླིང་ལ་མ་བྱོན་ན་མ་འོངས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་གནས་ཐུབ་དཀའ་བས་ངེས་པར་ཐབས་ཤིག་བྱ་དགོས་དགོང་ནས། ཡིད་དམ་ཐུགས་རྗེ་ཆེན་པོའི་དམ་འཚམ་ལ་བཞུགས་ཏེ་འོད་གསལ་མཉམ་གྱི་སྣང་བ་ལ། དཀར་ནག་སྤྲིན་ཀྱི་ན་བཟའ་གསོལ།   ཏིང་ངེ་འཛིན་གྱི་གསོས་བ་བཞེས།  འཇའ་ཆེན་འོད་ཀྱི་སྐས་ལམ་བརྒྱུད་དེ་ལྷ་ཆེན་ཚང་པ་དཀར་བོའི་ མདུན་དུ་བྱོན་ནས་ལྷ་ཕྲུག་འབུམ་གྱི་གཙོ་བོ།  ལྷ་ཕྲུག་མོན་ཆུང་འོད་དཀར་དེ་ཤར་ཁྲ་མོ་གླིང་གི་རྗེ་བོ་ལ་ཕེབས་པར་ གསོལ་བ་བཏབ་པས་ལྷ་ཆེན་ཚང་པའི་ཀྱང་མངག་པར་ཞལ་གྱིས་བཞེས།  དེ་ནས་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱིས་སླར་ ཡང་ནག་པོ་བདུད་ཀྱི་བར་ཆད་མི་འབྱུང་བའི་ཆེད་དུ་ཡིད་དམ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབ་བཞིན་བཞུགས་སོ། དེ་ནས་ལྷ་ཕྲུག་མོན་ཆུང་འོད་དཀར་དེ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས་བྱིན་རླབས་དང་རབ་གནས་གནང་དེ་ཤར་ཁྲ་མོ་གླིང་གི་རྗེ་བོ་ལ་མངག  ལྡོང་གི་ཐང་ཡིག་ལས།       སྣང་བ་མཐའ་ཡས་ཆོས་སྐུ་ཀུན་དུ་བཟང་།། ལྷ་ཀླུ་མི་དང་འབྲེལ་བའི་སྤྲུལ་བ་ཞིག །  སྟག་གི་མགོ་བོ་སྤྲུལ་གྱི་མཇུག་མ་ཅན།།  མདོ་སྨད་ལྗོངས་འདིར་ སེང་ཆེན་མཐུར་མེད་སྨྱོ། ཞེས་སྟག་གི་ལོར་སྐུ་འཁྲུངས་ཤིང་།  སྤྲུལ་གྱིས་ལོར་འདས་པར་བསྟན་ཡོད་པ་ལྟར། ཁོང་གི་འཁྲུངས་ལོ་ནི་ཁམས་བདུད་འཇོམས་རིན་པོ་ཆེས་མཛད་པའི་སྔ་འགྱུར་ཆོས་འབྱུང་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་ལས།      སངས་རྒྱས་མྱ་ངན་ལས་འདས་ཚུལ་བསྟན་ནས་ལོ་༡༣༣༢ཀྱི་སྐབ་ན་བཙད་པོ་ སྲོང་བཙན་སྒམ་པོ་སྐུ་འཁྲུངས།  སྲོང་བཙན་དགུང་ལོ་གྱ་གཉིས་ལ་བཞུགས་པ་ལྟར་ན་འདས་ལོ་༡༤༡༤ལ་ སྲོང་བཙན་སྐུ་གཤེགས།  དེ་ནས་ལོ་༣༢༥ འདས་པའི་རབ་བྱུང་དང་པོའི་འབྲུ་མང་པོའམ་རྒྱ་གར་བའི་བཱ་ཧུ་དནྱ་ཞེས་ པའི་ས་ཕོ་སྟག་གི་ལོ་སྟེ་རྒྱ་ནག་གི་སུང་ཁྲོ་རྒྱལ་རབས་ཀྱི་གོང་མ་པོ་ཡོན་ཁྲི་ལོ་དང་པོ།  སྤྱི་ལོ་ལྟར་ན་༡༠༣༨གི་ལོར་སྐུ་ འཁྲུངས། དགུང་ལོ་༥་ཡི་སྟེང་ཏུ་ཨ་ཁུ་ཁྲོ་ཐུང་དང་རྒྱ་ཟ་མ་གཉིས་ཀྱི་འགག་ཟ་ལ་བུ་ཁྱད་པར་བ་ཞིག་འཁྲུངས་ཡོད་པར་ ཕྲག་དོག་གྱིས་མ་བཟོད་པར་ཐབས་ཚུལ་སྣ་ཚོགས་ལ་བརྟེན་མས་ས་རྨ་སྨད་གཡུ་ལུང་སུམ་མདོ་རུ་རྒྱང་ཕུད་བཏངས། ལྷ་སྲས་ཇོ་རུ་རྒྱལ་པོ་དེ་དགུང་ལོ་ལྔ་ནས་བཅུ་གཅིག་བར་དུ་རྨ་ཡུལ་སྟོད་སྨད་བར་གསུམ་དང་གླིང་ཡུལ་ཕྱི་མང་ཐམས་ཅད་ ནས་ཐབས་དང་རྫུ་འཁྲུལ་སྣ་ཚོགས་ལ་བརྟེན་ནས།  རྟག་རོང་རྟེའུ་ཐན་མགོ་དགུ་བསད། རྐང་མི་མཛའ་རྟ་ལྷམ་དམར་ པོ་གྱོན།    གླིང་འོམ་བུའི་བེའུ་ཐན་རྐང་གཅིག་བསད།  རྒྱབ་མི་འཛའ་བེའུ་རྩག་མཐའ་གྱོང་གྱོན།  རྨ་སྟོད་རྒོ་བོ་རུ་ བཀྲ་ཕབས། མགོ་མི་མཛའ་རྒོ་བོའི་ཅོག་ཞི་ནབས་པ་སོགས་དངོས་ཡོད་དང་དངོས་མེད་ཀྱི་ལྷ་འདྲེ་ཐམས་ཅད་དམ་ལ་ བཏགས་ནས།རྨ་ཡུལ་སྟོད་སྨད་ཐམས་ཅད་ཀྱི་ས་བདག་མཛད། དགུང་ལོ་བཅུ་ཡིའི་སྟེང་ནས་གླིང་ཡུལ་ཕྱི་ནང་ཐམས་ ཅད་རྨ་ཡུལ་འདིར་འོང་ནས། རྨ་སྟོད་རྩེ་ལའི་ས་ཆ་ནས་རྨ་སྨད་གཡུ་ལུམ་མདོའི་བར་ཏུ་ཤར་ཁྲ་བོ་གླིང་གི་བདག་ འཛིན་བྱས།དགུང་ལོ་བཅུ་གསུམ་སྟེང་གླིང་དཀར་གྱི་རྒྱལ་ས་འཛིན་པའི་དུས་ལ་བབ་པར་དགོངས་ནས། སྟག་རོང་ དཔོན་ལ་ལུང་རྫུན་ཕབས་ནས།  གླིང་དཀར་ཡུལ་གྱི་སྡེ་བདག  སེང་ལྕམ་འབྲུག་མོའི་སྐྲ་བདག  སྐྱ་ལོ་སྟོན་ པའི་རྒྱུ་བདགགཞན་གླིང་ཕ་འབུམ་དུམ་པ་བཅུ་གཉིས།  གསེར་ཁྲི་ཁམས་གསུམ་ཟིལ་གནོན། སྟག་སྒམ་རྣམ་སྲས་ བང་མཛོད།རྟ་གཡང་སྨུག་གུ་དགུ་ཚན།  གཟི་ཡི་པདྨ་རྒྱལ་པོ།  ཁྲོ་ཡི་ལས་མགོན་ནག་པོ།  གསེར་གྱི་ཤཀྱཱ་ཐུབ་པ། གུ་ཟིའི་གུར་མགོན་ཕྱག་དྲུག  དུང་གི་ཐུགས་རྗེ་ཆེན་པོ་སོགས་གླིང་དཀར་མི་རྒྱུ་ཐམས་ཅད་རྟ་གང་མགྱོགས་གྱི་བུ་ལ་དབང་བར་བྱས་ཏེ།  གླིང་སྐྱ་ལོའི་རྟ་ཁྱུ་བར་མ་ནས་ལྷ་རྟ་སྐྱང་རྒོད་འཕེར་བོ་དེ།  སེང་ལྕམ་འབྲུག་མོའི་ཐབས་ དང་སྨོན་ལམ་ལ་རྟེན་ནས་བཟུང་།  ཡང་ཕྱུག་སྐྱ་ལོའི་ནོར་མཛོད་བར་མ་ནས།  སྦ་ལྕགས་བསམ་པའི་དོན་འགྲུབ། གསེར་སྒ་ཉི་ཟླ་ཁ་སྤྲོད། གསེར་སྲབ་རིན་ཆེན་རྒྱན་ལྡན།  བལ་སྟན་སྨེ་ན་དགུ་སྒྲིག གོས་སྟན་འཇའ་རིས་འཁྱིལ་བ། སྲབ་གཅོག་དར་མཚོན་ལྷས་མ།  སྲབ་མདའ་བསོད་ནམས་རྒྱང་འཛིན།       ཡོབ་ཆེན་ཐར་བའི་ལམ་ འདྲེན།  རྙེད་མདོ་གསེར་ཉ་ཁ་སྤྲོད། གློ་ལེན་གཡུ་འབྲུག་འཁྱིལ་བ།       གོང་ཐག་ལྷ་འདྲེ་ཟིལ་གནོན་ཏེ་རྟ་སྐྱང་ བོའི་རྒྱན་ཆས་བཅུ་གསུམ་དེ་སྨོན་ལམ་ལྷ་འབོད་དང་བཅས་ལྷ་སྲས་ཇོ་རུ་རྒྱལ་པོ་ལ་ཕུལ། དེ་ནས་སྤྲུལ་བའི་ལྷ་སྲས་ཇོ་ རུ་དེས་མོ་སྨན་རྩིས་གསུམ་གྲོགས་སུ་བཀུག གླིང་དཀར་ལྷ་སྡེའི་རྒྱལ་ས་དང་། སེང་ལྕམ་འབྲུག་མོའི་སྐྲ་བདག་ སོགས་མཛད་དོ།  དེ་ནས་སེང་ཆེན་ནོར་བུ་དགྲ་འདུལ་དེས། རྨ་ཤེར་བྲག་གཏེར་རྫོང་བར་མ་ནས། རྨོག་དཀར་ རྒྱལ་བའི་དོན་འགྲུབ། ཁྲབ་ཆེན་ཟིལ་བ་ཐོག་ཐུབ། སག་ལྷམ་སྡེ་བརྒྱད་ཟིལ་གནོན། རལ་གྲི་བཏབ་པ་ལན་མེད། མདུང་མོ་ཁམས་གསུམ་དགྲ་འདུལ། གཞི་མོ་ར་སྒོད་འཁྱིལ་བ།  ཕུབ་མོ་སྦ་དམར་གླིང་བཞི། ཀླུ་ཞགས་ཆུ་ཐིག་ འདོམ་དགུ །        སྟར་ཆེན་བྲག་རི་ཧར་གཤེགས།  འུར་རྡོ་ཕ་བོང་སྟོང་འཁོར། རྒྱབ་དར་སྤྲིན་དམར་གླིང་ བརྒྱད།  སོག་ཐག་གཟའ་སྒོད་བརྔམ་ཆེན་དེ་དགྲ་ལྷའི་སྐུ་ཆས་བཅུ་གསུམ་གཏེར་ནས་བླང་དེ་སྐུ་ལ་གསོལ། དགྲ་ལྷའི་ཟི་ར་འཚུབས་སེ། ཝེར་མའི་གར་བསྟབ་ཁྲིགས་སེ།  དེ་ནས་སེང་ཆེན་ནོར་བུ་དགྲ་འདུལ་དེ་དགུང་ལོ་ བཅོ་བརྒྱད་ལོན་པའི་དུས་སུ།  དགྲ་མགོ་ཡར་བསྟན་བྱང་ལ་བསྟན། ཀླུ་བཙན་རྒྱལ་པོ་ཐོད་མདའ་སྤྲད། དགྲ་སྐེད་སེར་བོ་ཧོར་ལ་གཏད། གུར་དཀར་རྒྱལ་པོ་གཉའ་སྒ་བསྟད། ཅེས་པ་ལྟར་གླིང་གེ་སར་དགུང་ལོ་ བཅོ་བརྒྱད་སྟེང་ནས་མ་དང་མཁའ་འགྲོའི་ལུང་བསྟན་བཞིན།  ཆུབ་ཁ་ཡར་ཁམས་བྱང་ལ་བརྒྱུར།      ཞག་མ་ཉི་ཤུ་རྩ་ དགུའི་དུས།  ཀླུ་བཙན་རྒྱལ་པོ་ཐོད་མདའ་སྤྲད། འོན་ཅིང་དམེ་གཟའ་མ་ཡིས་ངན་ཇུས་ཡིསགེ་སར་བདུད་ནས་ལོ་ དགུ་དང་ཟླ་བ་དྲུག་ལ་ལྷག་པའི་རིང་ཧོར་སེར་བོའི་དམག་སྣ་གླིང་ལ་དྲངས།  ཧོར་གླིང་མི་ལོ་དགུ་ལ་འཐབ། རྒྱ་ཚ་ཞལ་དཀར་མན་ཆད་ནས་དཔའ་སར་ཟླ་བ་ཡན་ཆད་ཀྱིས།   བསད་བསད་རྨ་ཆུའི་ཁ་མདོག་བརྒྱུར།  ། གཡུག་གཡུག་སྣོན་པོའི་སོ་ཁ་ལོག    རྒྱུག་རྒྱུག་འདོ་བའི་ར་བཞི་རྩེད་ཅེས་པ་ལྟར་གཡུལ་འཐབས་དྲགས་པོ་བྱས་ཀྱང་། མཐར་མང་སྣེ་ཉུང་གིས་མ་རྟེན་པར་ཇ་མཁར་གཏོར་ཞིང་འབྲུག་མོ་འཕྲོག དཔའ་ཆེན་བཅུ་དྲུག་དམར་གསོད་བྱས། ཕ་ཟོག་ནོར་རྫས་ཅི་ཡོད་འཕྲོག་སྟེ་ཧོར་རྒྱལ་གླིང་ཕམ་ཇུས་ཉེས་བྱུང་། དེ་ནས་གེ་སར་དགུང་ལོ་བཅུ་གཉིས་ལ་ཐོན་ པའི་དུས་སུ། གླིང་སེང་ཆེན་ནོར་བུ་དགྲ་འདུལ་དེ་དགྲ་ལྷའི་ཟི་ར་འཚུབས་སེ།  ཝེར་མའི་ལྡེང་སྐོར་གྱི་ལེ་ཆུབ་ཁ་སེར་ བོ་ཧོར་ལ་བརྒྱུར་ནས་ཧོར་གསང་འདུལ་འཕྲུལ་གྱི་འཁོར་ལོ་ཞེས། སྒོ་སྲུང་རིམ་པ་བཅུ་གསུམ་བཏུལ། ཐོག་མར་གོས་སྔོན་གྱི་རྒྱ་གསུམ་ལ་སྤྲུལ་ནས་ཧོར་བླ་མཚོ་དཀར་བོའི་གཏིང་བ་མནན། བླ་ཉ་སྟོང་གསུམ་འཁྱུག་ཤེས་བསད། ཧོར་རྒྱལ་མཐའ་གྱེན་ལ་མི་འཁོར་བས། མཚོ་ཁུག་བདུད་འདུལ་མཆོད་རྟེན་བཞེང་། ཉ་བའི་ཤོག་དྲུག་རླུང་ལ་ བསྐུར། །ཆུ་བའི་ཤོག་དྲུག་ཆུ་ལ་བསྐུར། །དེ་ནས་ཨ་འཛོམ་གསུམ་ལ་སྤྲུལ། །མདུང་རྟིང་ས་ལ་ལན་གསུམ་ གདབ། །མཁར་ཡ་ཟི་ལྕང་ལོ་ལྡེམ་ལྡེམ་དང་། །ཧོར་གུར་དཀར་བཤེས་ལུག་འདར་འདར་བྱས།།དེ་ནས་ ཚོང་བའི་སྒར་ལ་སྤྲུལ།།ཧོར་རྟེན་འབྲེལ་ལོག་པའི་འཚམས་རྟགས་ཕུལ།།དེ་ནས་བླ་མའི་སྒར་ལ་སྤྲུལ།། ཧོར་ སེར་རི་ཐང་ཐམས་ཅད་ལ།། དམུ་གབ་རིམ་པ་བཅུ་གསུམ་ཕབ།།     དེ་ནས་རྒྱ་ཕྲུག་ཐང་རྙེད་སྤྲུལ།།  མགར་བཟའ་ཆོས་ སྒྲོན་གྲོགས་སུ་བཀུག  ། ལྕག་ཚ་ཀ་མ་སྟག་ལ་སྤྱིན།།  མཆོང་ལྷ་སྨུག་པོ་དོང་་ལ་སྦས།།  ཤུག་ཆེན་ངམ་ནག་ཐང་ལ་གདབ།།ཧོར་བླ་གནས་ཡོད་ཚད་རྩ་རྫོགས་བྱས།།   མཐར་གུར་དཀར་རྒྱལ་པོ་གཉའ་སྒ་བསྟད།།  ཤན་པ་རྒྱལ་ པོ་བཙོན་ལ་བཟུང་།།    ཧོར་སེར་རྒྱལ་ཁམས་ཆོས་ལ་བཀོད།། དགུང་ལོ་ཉི་ཤུ་རྩ་དགུའི་སྟེང་།། དགྲ་མཐའ་སྨུག་པོ་འཇང་ལ་གཏད།། གཡུ་ལྷ་ཐོག་འགྱུར་བློན་དུ་བཀུགས།། ས་དམ་རྒྱལ་པོར་དུག་ཆུ་དྲངས།། འཇང་ཡུལ་མཚལ་ར་སྨུག་པོ་རུ།། སངས་རྒྱས་བསྟན་པ་དར་བར་བྱས།།དགུང་ལོ་སུམ་བཅུ་སོ་བདུན་ཐོག  །དགྲ་མཇུག་གི་ནེ་མོན་ལ་གཏད།།  དུང་སྐྱོང་འཕྲུ་དཀར་བློན་དུ་བཀུག ། ཤིང་ཁྲི་བར་སྣང་ཁམས་ནས་བཏུལ།།དཀར་བོ་དགེ་བའི་རྨང་ གཞི་བཏང་།། བདུད་ཆེན་རུ་བཞི་རྩད་ནས་བཅོམ།། དགུང་ལོ་བཞི་བཅུ་ཞེ་གཅིག་ཐོག །    རྫོང་ཆེན་བཅོ་བརྒྱད་ ཐོག་མ་སྟེ།། སྟག་གཟིག་ཡུལ་དུ་དམག་སྣ་དྲངས།།  གོ་ལི་རྒྱལ་པོ་སྟོབས་ཀྱིས་བསྒྲལ།། ནོར་རྫོང་ཁྲ་མོ་གནང་དུ་ ཐོབས།།   བོད་སྒང་བར་ནོར་གྱིས་ཕྱུག་པར་བྱས།།  དགུང་ལོ་བཞི་བཅུ་ཞེ་གསུམ་ཐོག  ། དམག་སྣ་བྱུ་རུའི་ཡུལ་ དུ་དྲངས།། བྱུར་རྒྱལ་སྔོན་མོ་མཚོན་ལ་དྲངས།།  བྱུར་རྫོང་ཁྲ་མོ་གླིང་གིས་བླངས།།  ཆོས་འགྲུབ་གླིང་དཀར་བློན་ལ་ བསྐོས།། བྱུར་ཡུལ་དཀར་པོ་ཆོས་ལ་བཀོད།། དགུང་ལོ་བཞི་བཅུ་ཞེ་བདུན་ཐོག ། སོག་གླིང་བར་ལ་དམག་ འཐབས་བྱུང་།། སོག་རྒྱལ་གླིང་ལ་འགོ་འབུལ་བྱས།། རྟ་རྫོང་བོད་ལ་གནང་དུ་བཞག  ། དགུང་ལོ་བཞི་བཅུ་ཞེ་ དགའི་ཐོག ། ལས་དམག་ཞང་ཞུང་ཡུལ་དུ་དྲངས།།  ལྷུན་གྲུབ་གྲགས་པ་མཚོན་ལ་དྲངས།། མུ་ཏིག་རྫོང་ཆེན་ གནང་དུ་བླངས།། སྟག་མོ་ཁྲི་བརྟན་བློན་དུ་བསྐོས།། དགུང་ལོ་ལྔ་བཅུ་ང་གཉིས་ཐོག  ། ལས་དམག་ཁ་ཆའི་ཡུལ་ དུ་དྲངས།། དར་ཐང་ཁྲ་མོ་དམག་གིས་བཀང་།། ཁྲི་བརྟན་རྒྱལ་པོ་སྟོབས་ཀྱིས་བསྒྲལ།། གཡུ་རྫོང་སྒང་བ་བོད་ལ་ བཞག  ། དགུང་ལོ་ལྔ་བཅུ་ང་དྲུག་ཐོག  ། ལས་དམག་ཨ་གྲགས་ཡུལ་དུ་ཕབས།། ཟླ་གསུམ་གཡུལ་འཐབ་དྲགས་ པོ་བྱས།།  མཐར་ཐུག་བྱུས་ཀྱི་ཡོ་ལང་ལ།། གོང་མ་ལྷ་ཡི་ལུང་བསྟན་བཞིན།། སྒང་གླིང་བར་ལ་འདུན་མ་བྱུང་།། ཉི་མ་གྲགས་པ་བློན་ལ་བསྐོས།།  གཟི་རྫོང་ཁྲ་མོ་གླིང་གིས་བླངས།། དགུང་ལོ་ལྔ་བཅུ་ང་བརྒྱད་ཐོག ། བྱང་གྲུ་གུའི་ ཡུལ་དུ་དམག་སྣ་དྲངས།།  གྲུ་གླིང་མི་ལོ་གསུམ་ལ་འཁྲུགས།།    གོ་རྫོང་ཁྲ་མོ་གླིང་གིས་བླངས།། དགུང་ལོ་དྲུག་ བཅུ་རེ་གཉིས་ཐོག ། ལས་དམག་གངས་རིའི་ཡུལ་དུ་དྲངས།།   གངས་གཞོན་ནུ་དགའ་བོ་སྟོབས་ཀྱིས་བསྒྲལ།། ཤེར་རྫོང་བོད་ཀྱི་རྒྱན་དུ་བཞག ། དགུང་ལོ་དྲུག་བཅུ་རེ་བདུན་ཐོག ། མི་ནུབ་ཡུལ་དུ་དམག་སྣ་དྲངས།། དར་རྫོང་གླིང་དཀར་རྒྱན་དུ་བླངས།། རྨྱ་བྱ་བཙན་པོ་མཚོན་གྱིས་བསྒྲལ།། དགུང་ལོ་དྲུག་བཅུ་རེ་དགུའི་ཐོག ། ལྷོ་ཤིང་ཤང་ཡུལ་དུ་ལས་དམག་ཕབས།།     དུས་མིན་འཆི་བའི་འཇིགས་སྐྱོབ་པའི།། སྨན་རྫོང་ཁྲ་མོ་གླིང་གིས་བླངས།། རྒྱལ་ཁའི་གཏང་མ་གླིང་བཞིར་ཁྱབ།། དགུང་ལོ་བདུན་བཅུ་དོན་གཉིས་ཐོག །  དམག་སྣ་སུམ་པའི་ཡུལ་དུ་དྲངས།། སུམ་རྒྱལ་སྔོན་མོ་མཚོན་ལ་དྲངས།། མཛོ་གཡང་སྒང་བ་བོད་ལ་བཞག །  དགུང་ལོ་བདུན་བཅུ་དོན་བཞིའི་ཐོག ། གླིང་དམག་བལ་བོའི་ཡུལ་དུ་དྲངས།། བལ་བོའི་རྒྱལ་བོ་མཚོན་ལ་དྲངས།། ལུག་རྫོང་སྒང་བ་བོད་ལ་བཞག ། དགུང་ལོ་བདུན་བཅུ་དོན་དྲུག་ཐོག །  ལྷོ་ཅ་རོང་ཡུལ་དུ་ལས་དམག་ཕབས།།  སྟོབས་ལྡན་རྒྱལ་པོ་མཚོན་གྱིས་ བསྒྲལ།།  འབྲུ་རྫོང་གླིང་དཀར་སྟོད་ལ་དྲངས།།   དགུང་ལོ་བདུན་བཅུ་དོན་བརྒྱད་ཐོག །      ལས་དམག་མེ་གླིང་ཡུལ་ དུ་ཆས།།  མེ་གླིང་སྟོབས་ཀྱི་རྒྱལ་པོ་དེ།། གེ་སར་རལ་གྲིའི་ངར་ལ་དྲངས།།      གསེར་རྫོང་གླིང་དཀར་ནོམ་ལ་ བླངས།།དགུང་ལོ་བདུན་བཅུ་ཐམ་པའི་ཐོག  །ལས་དམག་ཨ་བསེའི་ཡུལ་ལ་དྲངས།། ཨ་བསེ་འཕྲུལ་གྱི་རྒྱལ་ པོ་དེ།། གེ་སར་མདའ་མོའི་ངར་ལ་དྲངས།། ཁྲབ་རྫོང་གླིང་དཀར་སྟོད་ལ་དྲངས།། དགུང་ལོ་བརྒྱད་བཅུ་གྱ་གཉིས་ ཐོག །  བྱང་འཕྲུ་དམར་ཡུལ་དུ་དམག་སྣ་དྲངས།།     བྱང་རྒྱལ་ཀླུ་སྲིན་ངོ་ནག་དེ།། འདན་སྒོད་འདའ་མོའི་སྣེ་ནས་ཤི། བྱང་འཕྲུ་དམར་གནམ་རྗེ་ཁྲི་བཙན་དེ།།      གླིང་དཀར་སྟོད་ཀྱི་བློན་དུ་བསྐོས།།  འཕྲུག་རྫོང་ཁྲ་མོ་གླིང་གིས་བླངས།། དགུང་ལོ་བརྒྱད་བཅུ་གྱ་ལྔའི་ཐོག །  སེང་ཆེན་མི་ཡི་ཉི་མ་དེས།   །སེམས་ཉིད་གཉུག་མའི་ཡེ་ཤེས་ལ།། འཆར་བའི་སྣོད་བཅུད་སྣང་བ་ཀུན།།  དག་མཉམ་བདེ་ཆེན་ཉིད་རྟོགས་པའི།།སེམས་ཉིད་ཆོས་རྫོང་ཞེས་པ་ཕབས།། ལས་རླུང་སྒྱུ་མའི་བྱེད་རྩོལ་གྱི།།  འཆང་བའི་ལས་ཉོན་ཉི་ཁྲིའི་རྩ།།  དག་པ་ཨ་ཝཱ་དྷིཏཱིའི་དབྱིངས།། གྲོལ་བའི་བདེ་སྟོང་བུམ་རྫོང་ཕབས།།  གཞན་ཡང་སྒྲུང་བ་ཁོང་གི་གསུང་པ་ལྟར་ན་སྔོན་ཧོར་སོགས་བདུད་ཆེན་ཐམས་ ཅད་ཕབས་པའི་སྐབས་སུ་བདུད་དངོས་སུ་སོང་བའི་དབང་གིས་ཞེ་སྡང་དང་ཁོང་ཁྲོའི་དབང་དུ་གྱུར་ཏེ་ངན་སོང་དུ་ལྷུང་བའི་ སྟོབས་ཆེན་གླང་བོ་ཁྲག་འབར། ནང་བློན་སྐུ་ལྷ་ཐོག་འགྱུར།  སྟག་གཟིག་བཙན་ལྷ་རྡོ་རྗེ་སོགས་འདྲེན་པའི་དུས་ལ་ བབ་པས་སེང་ཆེན་རིན་པོ་ཆེའི་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་རིག་པའི་ངོ་སྤྲད་པ་དེ་ལ་ཞི་བ་ལྷ་རྫོང་ དང་།  ཡང་ཞི་བའི་མི་འདུལ་བ་ཐམས་ཅད་ལ་སླར་ཡང་འབར་བ་ཁྲག་འཐུང་ཁྲོའི་སྐུར་བཞེངས་ནས་སྡིག་ཅན་བཙན་ ཐབས་ཀྱིས་འདྲེན་པ་དེ་ལ་དྲག་སྐུར་ཁྲོ་རྫོང་ཞེས་པའོ།།   གཞན་ཡང་གེ་སར་གསེར་རྫོང་ཞེས་པ་ནི་སེང་ཆེན་རིན་པོ་ཆེ་ སྐུ་ཚེའི་སྨད་ལ་གླིང་དཀར་ཡུལ་གྱིས་གཙོར་བྱས་པའི་ཕྱོགས་དང་ཕྱོགས་འཚམས་ཀྱི་གདུལ་བྱ་རྣམས་དམ་པའི་ཆོས་ཀྱི་ འཁོར་ལོ་བསྐོར་དེ་འགྲོ་དོན་མཛད་དེ་གསེར་ལྟ་བུའི་དམ་པའི་ཆོས་ཀྱི་བགོ་སྐལ་བརྩལ་བ་དེ་ལ་གེ་སར་གསེར་རྫོང་ཞེས་ པའོ། གོང་གི་སེམས་ཉིད་ཆོས་རྫོང་དང་།  བདེ་སྟོང་བུམ་རྫོང་། གེ་སར་གསེར་རྫོང་། ཞི་བ་ལྷ་རྫོང་། དྲག་སྐུར་ཁྲོ་རྫོང་རྣམས་ནི་སྒྲུང་བ་ཁོང་ཁོ་ནའི་ཁྱད་ཆོས་ལས་གཞན་པའི་སྒྲུང་བ་སུ་ལའང་དེ་ལྟར་བཤད་རྒྱུ་མེད། དེ་ནས་སེང་ཆེན་རིན་པོ་ཆེ་དགོང་ལོ་བརྒྱད་ཅུ་གྱ་བརྒྱད་ལ་ཐོན་པའི་དུས་དེ་བོད་རབ་བྱུང་གཉིས་པའི་ཤིང་མོ་སྦྲུལ་དང་། སྤྱི་ལོ་༡༡༢༥ལོར་སྐུ་མ་སྤང་པར་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་བྱོན།   དེའི་སྐབས་སུ་མངའ་བདག་ཉང་དགུང་ལོ་ ༦༡དང་། ཀཿདམ་པ་བདེ་གཤེགས་དགུང་ལོ་༦༦དང་། རྒྱ་ནག་གི་སུང་ཁྲོ་གོང་མ་ཤཱོན་ལ་རྒྱལ་པོ་ཁྲི་ལོ་ བདུན་པའི་དུས་སྐབས་ཡིན་ནོ། སྤྱིར་གེ་སར་འདས་ཚུལ་ལའང་བཤད་ཚུལ་དུ་མ་འདུག་འདུག་ཀྱང་འདི་ནི་སྒྲུང་བ་ཁོང་ གིས་གསུང་བ་དང་།  ཁམས་བདུད་འཇོམས་རིན་པོ་ཆེའི་བཞེད་ཚུལ་ལྟར་བཀོད་པ་ཡིན་ནོ། ཡང་སྒྲུང་ཡིག་ཁུང་དག་རྣམས་སུ་བདུད་ཆེན་རུ་བཞི།  རྫོང་ཆེན་བཅོ་བརྒྱད།  རྫོང་ཕྲན་ཉེར་གཅིག་ཅེས་གསུང་བའི་ རྫོང་ཕྲན་ཉེར་གཅིག་ལྟ་བུ་ལ་མཚོན་ན་གླིང་གེ་སར་སྐུ་ན་ཕྲ་བའི་དུས་དང་གཞན་པའི་རྫོང་ཁག་ཆེན་པོ་རྣམས་ཕབ་པའི་ ཞོར་ལ་ཕབ་པ་ཡིན།   ཡང་མི་འགའ་རེས་གླིང་གེ་སར་གྱི་སྒྲུང་ལ་ཆོས་ལུགས་ཀྱི་སྒྲོ་བཏག་སྣ་ཚོགས་བྱས་ན་གླིང་གེ་སར་ སྒྲུང་གི་དོན་དངོས་སྐྲུགས་འགྲོ་ཟེར།  སྤྱིར་སྐད་ཅིག་བསྐལ་མང་དང་། བསྐལ་མང་སྐད་ཅིག་ལ་བརྒྱུར་བ་ལྟ་བུའི་ ཆ་ནས་གེ་སར་ལོ་རྒྱུས་དོན་དངོས་ཀྱི་མིག་མཐོང་ལག་ཟིན་ཀྱི་བཤད་ཚུལ་དང་མཐུན་དགོས་ཟེར་ནས་བཤད་ན་ཅུང་དཀའ་ ཡང་།  འོན་ཀྱང་གླིང་གེ་སར་ཁོང་གི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱི་མི་ཁྱབ་པའི་ཆ་ནས་བཤད་ན་སྒྲུང་ཡིག་ཁུང་ དག་རྣམས་ཀྱི་ནང་ནས་གསུང་བ་ལྟར་ཆོས་ལུགས་ཀྱི་བཤད་ཚུལ་རྣམས་ལ་མ་བརྟེན་ན་གླིང་གེ་སར་གྱི་སྒྲུང་གི་སྙིང་པོ་ཡེ་ ནས་མེད་པར་བྱས་པ་རེད །     དེས་ཕྱིར་གེ་སར་ལོ་རྒྱུས་སྨྲ་མཁན་རྣམས་ཀྱིས་དེའི་ཕྱོགས་ལའང་ཐུགས་བསམ་བཏོང་ དགོས་བསམ །  གཞན་གླིང་དཀར་ཡུལ་གྱི་ཕ་ས།   རྨ་ཡུལ་སྟོད་སྨད་བར་གསུམ་འདི་ངོས་འཛིན་ཚུལ་གྱི་ཕྱོགས་ལ་ འང་མཁས་པ་རྣམས་ཀྱི་བཞེད་ཚུལ་ཅུང་མི་མཐུན་པ་ཡོད་ཀྱང་གནས་སྐབས་སུ་དེ་ཙམ་གྱིས་མཐུས་པར་བྱའོ།།   
དཔྱད་གསུམ་སྟོབས་ཀྱིས་བདེན་དོན་གནས་ལུགས་དྲངས།། མཁས་པའི་གསུང་ལ་རང་བཟོའི་སླད་མ་བསྲེས།།  
སེང་ཆེན་རྒྱལ་པོའི་སྐུ་ཚེའི་མཛད་པའི་ཚུལ།།  མདོ་ཙམ་བརྗོད་ནས་གྲོགས་ཀྱི་སྤྱན་སྔར་ཕུལ།།     ཞེས་དུར་བུད་པ་པདྨ་ནོར་བུ་ནས་བྲིས་པའོ།
·རྩོམ་ཡིག་གོང་མ:ལམ་རིམ་བདུད་རྩིའི་སྙིང་པོ་ལས་༡༢
·རྩོམ་ཡིག་འོག་མ:བོད་ཀྱི་སྲོལ་རྒྱུན་སྨན་རྩིས་འཕེལ་རྒྱས་གཏོང་ཕྱོཊ་སྐོར་
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·གླིང་གི་དཔའ་བརྟུལ་སུམ་ཅུའི་མཚན་གྱི་རྣམ་གྲངས། 2014/1/21 22:25:35
·གླིང་བྲོ་བདེ་ཆེན་རོལ་མོའི་སྟངས་སྟབས་དང་བྲོ་ཚན་སྐོར། 2011/10/27 9:36:23
·གླིང་དཀར་བོའི་བླ་རི་རྣམ་གསུམ་གྱི་སྐོར་བཤད་པ། 2010/7/18 10:32:26
·གླིང་གེ་སར་དང་རྨ་ཆུའི་ཁུག་སོ་དང་པོ། 2010/6/20 12:43:23
·གླིང་གི་ཡུལ་དང་རུས་སོགས་ཀྱི་སྐོར། 2010/2/25 10:21:39
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 13:16:28 [来自: 112.5.236.197]

 评论者:4YmF7xGG
http://www.2345daohang.com/mail.htm
http://www.505dh.com/mail.htm
http://www.3721.cc/youxiang/
http://www.365dhw.com/dianzi-youxiang.html
http://www.726c.com/html/mail.htm
发表时间:2015/12/6 9:07:27 [来自: 111.144.227.221]

 评论者:5GG9KXGW
http://www.7663.net/html/mail/index.htm
http://www.1234h.com/youxiang43.html
http://www.baiwanzhan.com/site/t159413/
http://www.hao2345.com/htmls/youxiang/index.html
http://www.47751.com/siteinfo/92464
发表时间:2015/12/4 17:30:19 [来自: 122.228.11.67]

འབྲེལ་ཡོད་དཔྱད་བརྗོད 51 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།33.20MS