|
ཚངས་མགུར་གྱི་ལྷན་ཐབས་ཤོ་ལོ་ཀ་བརྒྱ་པ། | | |
མགོ་ལོག་པ་འཇིགས་བྱེད་ཚེ་རིང་།
ལས་འབྲས་ཤོག་བུ་དཀར་པོ། །
བྱམས་བརྩེ་སྣག་བྲིས་རི་མོ། །
ང་དང་ཆུང་འདྲིས་བུ་མོས ། །
དལ་འབྱོར་མི་ལུས་ལོན་སོང་། །
དྲིན་ལན་འཇལ་ཐབས་མེད་པ། །
ཕ་མ་རྣམ་གཉིས་ཡིན་རེད། །
དགའ་ལོར་གཉེན་སྒྲིག་ཆེད་དུ། །
ཕ་མར་འགལ་ན་འགལ་ཆོག །
དག་པ་ཤེལ་གྱི་མཆོད་རྟེན། །
རྩ་བའི་བླ་མས་བཞེངས་རེད། །
ལས་ལ་ཟད་པ་མེད་ན། །
སྨོན་ལམ་ཡག་པོ་བཏབ་ཡོད། །
འཕྲིན་པའི་ཕྱི་ནང་གཉིས་ཀ། །
ཤ་དང་རུས་པའི་གཏམ་ཡིན། །
ཁྱེད་ལ་ཡིད་ཆེས་ཡོད་མེད། །
ནམ་མཁའི་བླ་མས་མཁྱེན་རེད། །
ཚོགས་ཆེན་ཆོས་རའི་ནང་གི། །
བན་ཆུང་སྡོམ་ཁྲིམས་ཅན་པོས། །
སྨན་ཆུང་བུ་མོའི་སྐྱེ་འབྲས། །
རྨི་ལམ་ནང་ལ་འཁོར་ཡོང་། །
ཕ་མ་ཁ་བཙན་ཆེ་བས། །
བུ་མོ་གནས་ལ་བརྫངས་སོང་། །
ང་དང་མཛའ་ན་མོ་ཡིས། །
མཇུག་མཐའི་འཕྲིན་པ་བྲིས་ཡོད། །
དད་ལྡན་ཕྲེང་བཟུང་ཞིག་ལ། །
མ་ཎི་འབྲུ་འགའ་སློངས་ཡོད། །
ཆོས་ལྡན་བླ་མའི་མདུན་ནས། །
དགེ་བའི་ས་བོན་སྨིན་ཤོག །
སྟག་ཤར་ཇག་ལམ་རིང་མོ། །
རྒྱུ་འབྲས་སྣོག་སའི་ཡུལ་ཡིན། །
སྐྱེ་བ་སྔོན་གྱི་བསགས་འབྲས། །
ད་ལྟར་སྨིན་ན་སྨིན་ཤོག། །
ཁ་པར་སྐུད་ལམ་བར་ནས། །
སྙིང་གཏམ་ཚིག་འགའ་ལབ་པ། །
སྡེ་ཆེན་མི་ཁའི་གྲོང་ལ། །
གདོང་གཏད་ཕོད་ས་མ་རེད། །
ཁ་བ་བོད་ཀྱི་ཡུལ་འདི། །
ལས་འབྲས་བརྩི་བའི་སྡེ་ཡིན། །
སྒྱུ་མའི་སྣང་ཚུལ་ཙམ་གྱིས། །
བདེན་པར་རྡོག་བརྫིས་ཕོད་དམ། །
མི་ཆེན་དཔོན་པོའི་སྲས་མོ། །
ཐོབ་དང་འབྱོར་བའི་རྒྱན་རེད། །
སྤྲང་ཕྲུག་ང་ཡི་སེམས་ཀྱི། །
ཆུང་མར་ཉན་ས་མ་རེད། །
དུས་རབས་གསར་བའི་མི་ལ། །
ཁྲེལ་དང་ཕྱི་ཐག་མེད་པས། །
ཁ་ནུབ་མཐུན་པའི་བུ་མོ། །
དེ་རིང་གར་སོང་ཆ་མེད། །
སྤྲིན་པ་ཁ་དཀར་རྟིང་ནག། །
རླུང་དང་སེར་བའི་གཞི་མ། །
ཡོན་ཏན་མེད་པའི་མི་དག །
མི་ཡི་ནང་གི་གད་སྙིགས། །
ཆབ་སྲིད་མེ་མ་མུར་དེ། །
མི་ལུས་བསྲེགས་པའི་གཞི་རེད། །
རང་དབང་འདྲ་མཉམ་ཟེར་ཡ། །
མི་སྲོག་གཅོད་པའི་རྒྱུ་རེད། །
རི་བོ་ཡག་པོ་ཡོད་རེད། །
ཕ་ཡུལ་ཕྱོགས་སུ་ལུས་སོང་། །
སེམས་སོང་བྱམས་པ་ཡོད་རེད། །
ས་ཐག་རིང་སར་ལུས་སོང་། །
མཛེས་མ་ཟེར་བ་མི་ཤེས། །
རང་བློར་འབབ་ན་མཛེས་སེ། །
ན་ནིང་འདྲིས་པའི་བུ་མོ ། །
གཞན་གྱི་ཆུང་མར་གྱུར་སོང་། །
ཁྱེད་ནི་གློག་ཀླད་ཕར་ཁ། །
ང་ནི་གློག་ཀླད་ཚུ་རོལ། །
འུ་གཉིས་བཤད་པའི་སྐད་ཆ། །
འཕྲིན་པའི་གཟུགས་སུ་གྲུབ་ཡོད། །
མདང་ནུབ་རྨི་ལམ་རྨིས་སོང་། །
གངས་རི་དཀར་པོའི་ཡུལ་ལ། །
ངེད་གཉིས་འཕྲད་པའི་རྨི་ལམ། །
མཛེས་སྡུག་ཡིད་དུ་འོང་ངོ་། །
ལྷ་བྱ་ཐང་དཀར་རྒོད་པོ། །
གཤོག་རྩལ་ང་ལ་གཡོར་དང་། །
ཐག་རིང་ཡུལ་ལ་མི་འགྲོ། །
ཉིང་ཁྲི་སྐོར་ནས་ཕེབས་ཡོང་། །
བུ་མོ་ཚེ་རིང་གཡང་འཛོམས། །
བརྩེ་དུང་དར་དཀར་མདུད་པ། །
ལེ་དབར་ཁྲི་ཕྲག་མཚམས་ནས། །
འཕྲིན་དང་ཁ་པར་ཐོན་ཡོང་། །
ཚེ་སྔོན་ལས་ཀྱི་ཆུང་མ། །
མི་འགྱུར་བརྟན་པར་བཞུགས་དང་། །
ཉི་མ་ཟླ་བའི་འཁོར་ཕྱོགས། །
ནོར་ཡང་བསམ་པ་ང་མེད། །
ད་ནངས་བསྐུར་བའི་འཕྲིན་པ། །
སེམས་ཀྱི་ཟབ་སར་སྦས་དང་། །
མ་དང་མཁའ་འགྲོའི་བརྡ་ཡིག །
ཤོག་ལྷེའི་གསེང་དུ་དཔར་ཡོད། །
འུ་གཉིས་བར་གྱི་སྐད་ཆ། །
གསང་དང་མ་གསང་མི་འདུག །
ལོ་རྒྱུས་རྡོ་རིང་ངོས་སུ། །
བསུབས་ཀྱང་བསུབ་སར་མི་འགྲོ། །
ཉེར་དགུའི་མཚན་ཐུན་ཞིག་ལ། །
ཁོ་མོའི་ཁ་པར་བསླེབས་སོང་། །
མི་ཚོགས་ལྟག་པར་བཞག་ནས། །
ཤབ་ཤུབ་ཚིག་འགའ་སྨྲས་ཟིན། །
གླེང་མོལ་ཨང་གྲངས་ཐོག་ནས། །
ཆ་མེད་མི་ཞིག་ཤེས་པ། །
སྐྱེ་བ་སྔོན་མའི་ལས་ཀྱིས། །
ཞེ་སེམས་མཐུན་པ་བྱུང་སོང་། །
དང་པོ་ཡི་གེ་བསྐུར་ཡིན། །
གཉིས་པ་སེམས་གཏམ་གླེང་ཡིན། །
གསུམ་པ་བརྩེ་དུང་ཆགས་པ། །
ནམ་མཁའི་བླ་མས་མཁྱེན་ནམ། །
ཨ་སྔོན་ནམ་མཁའི་དབྱིངས་སུ། །
སྐར་མ་ཁྲི་ཚོ་བརྒྱད་ཡོད། །
རྟག་བརྟན་འགྱུར་བ་མེད་པ། །
སྨེ་བདུན་འདྲ་བ་མི་འདུག །
ང་ལ་ཡོད་པའི་བརྩེ་བ། །
མི་ཚེ་གཅིག་གི་རྒྱན་ཡིན། །
ཁྲེལ་དང་ཕྱི་ཐག་ཡོད་མེད། །
གཏན་ཚིགས་རིག་པས་སྒྲུབ་ཆོག།།
ཡིད་ཆེས་མེད་པའི་མི་ལ། །
སྙིང་གཏམ་བཤད་སྔ་མ་བྱེད། །
མི་ཁའི་མདའ་མོ་ཕོག་དུས། །
བློ་འགྱོད་བྱས་པས་ཅི་ཕན། །
རང་ཉིད་དགའ་བའི་བྱམས་པར། །
ཕྱི་ཐག་རིང་པོ་གནང་རོགས། །
ཁ་ཡག་ངོ་དགའ་ཙམ་གྱིས། །
མི་ཚེ་ཆོད་ས་མ་རེད། །
དུས་རབས་ཉེར་གཅིག་པ་ལ། །
མི་ལ་ཨ་གསར་ཆེ་བས། །
སྲོལ་རྒྱུན་རིག་པའི་རིན་ཐང་། །
དེ་ཙམ་མཐོང་གི་མི་འདུག། །
ཨོ་ལོ་ཆུང་ཆུང་འགའ་ཞིག །
བསམ་བློའི་ནང་སྙིང་མི་འདུག། །
དགའ་རོགས་འདང་ཆེན་ཞིག་ལ། །
མགོ་སྐོར་གཏོང་བ་མ་གནང་། །
ང་ལ་ཁ་ཡག་མ་བཤད། །
ང་ཡི་མི་གཞི་གསེར་ཡིན། །
སེར་པོ་གསེར་གྱི་རིན་ཐང་། །
རྡོ་དང་འདྲ་ས་མ་རེད། །
བརྩེ་དུང་ཡོད་རབ་བཤད་དེ། །
མི་ལ་བསླུ་བྲིད་མ་བྱེད། །
ཁྱེད་ལ་དགའ་བའི་མི་དེ། །
ཕ་མ་ལས་ཀྱང་ལྷག་གོ། །
མེ་ཏོག་དཀར་པོ་དམར་པོ། །
སེམས་པའི་ལེགས་སྐྱེས་ཡིན་རེད། །
རྒྱ་མོ་བྱེའུ་རྐང་ཞིག་ལ། །
དགའ་རོགས་སྒྲིག་འདོད་མི་འདུག །
རི་བོ་སྤང་གིས་རྒྱན་ཡོད། །
སྤང་ལ་མེ་ཏོག་བཞད་སོང་། །
གངས་ལྷ་མེ་ཏོག་ཆུན་པོ། །
ཉིང་ཁྲིའི་ཡུལ་ལ་འཁྲུངས་ཡོད། །
ང་རང་དགའ་བའི་མེ་ཏོག། །
གངས་ལྷ་མེ་ཏོག་ཡིན་རེད། །
ང་དང་གངས་ལྷ་མེ་ཏོག །
ཁ་བའི་ཡུལ་འདིའི་རྒྱན་རེད། །
ཕར་ཕྱོགས་རྒྱ་རྫོང་ནགས་ནས། །
འཇོལ་མོའི་དྲུག་འགྱུར་སྙན་པ། །
བུ་མོ་གངས་ལྷ་མེ་ཏོག །
སྙན་པའི་གཞས་ལ་རོལ་ཤོག །
ང་ནི་ཇ་ཤིང་མེ་ཏོག །
ཁྱེད་ནི་འབྲི་མོའི་འོ་མ། །
ཞིམ་མངར་འོ་ཇ་དྭངས་མོ། །
བོད་ཀྱི་ཡུལ་ལ་ཡོད་རེད། །
དག་པ་ཤེལ་གྱི་བུམ་པ། །
ཕྱི་གསལ་ནང་གསལ་ཡིན་འདྲ། །
མ་དག་སེམས་ཀྱི་འཆར་སྒོ། །
སུས་ཀྱང་ཤེས་ས་མ་རེད། །
ཨ་མ་བྲག་རིའི་སྲས་མོ། །
གོས་མེད་གཅེར་བུར་བུད་པ། །
མི་ཚེའི་བཞུད་ལམ་རིང་མོ། །
སུ་ལ་གསལ་ཆ་ལོས་ཡོད། །
ས་ཆ་སྨད་ཕྱོགས་ཤིག་ནས། །
ཁྲམ་པ་འགའ་ཞིག་ཡོང་འདི། །
ང་ལ་གཟས་པ་མིན་ན། །
ཕ་ས་ཤོར་བའི་རྟགས་རེད། །
ཀ་མད་ཕྲེང་ཐག་མཛེས་པོ། །
ཤོག་བུའི་གསེང་ལ་བསྟར་ཡོད། །
བུ་མོ་ཚེ་རིང་གཡང་འཛོམས། །
ག་ལེར་གཟིགས་རོགས་གནོངས་དང་། །
བསྐལ་པ་མང་པོ་ཞིག་ལ། །
ཚོགས་བསགས་བསོད་ནམས་མ་བྱས། །
དོ་ཞག་དགའ་མའི་ཆེད་དུ། །
སྒྲུབ་པ་ཅུང་རེ་ལོས་བྱེད། །
བསླུ་མེད་སྐྱབས་ཀྱི་གཙོ་བོ། །
དཀོན་མཆོག་རིན་ཆེན་རྣམ་གསུམ། །
དད་པ་ཆེ་བའི་མི་ལ། །
བྱིན་རླབས་ཆུང་བ་མ་གནང་། །
དངུལ་གྱི་མཛུབ་དཀྲིས་ཆ་གཅིག །
སྒྲོམ་ཆུང་ནང་དུ་བཅུག་ཡོད། །
སེམས་སོང་བུ་མོ་ཞིག་ལ། །
གཉེན་རྟགས་ཨེ་ཡོང་བལྟ་དགོས། །
ཁ་སང་བཏབ་པའི་སྨོན་ལམ། །
དེ་རིང་འགྲུབ་ཡོང་སྙམ་པས། །
ཡིད་ཆེས་རྡོག་རྡོག་དེ་འདྲ། །
ཕྱིན་ཆད་རྙེད་ས་ཨེ་རེད། །
ཁྱེད་ནི་ང་ལ་དགའ་ཟེར། །
དགའ་བ་རྣམ་དག་ཡིན་ན། །
མི་ཚེའི་བཟའ་ཟླ་ཡོང་མིན། །
དོགས་པ་དེ་ཙམ་དགོས་སམ། །
དྲན་པའི་ལོ་རབས་མ་བཤད། །
ན་ཟུག་བཟོད་ཐབས་མི་འདུག །
མིག་ཆུའི་མཚོ་མོ་འཁྱིལ་བ། །
འུ་གཉིས་མ་གཏོགས་མི་ཤེས། །
རིག་པ་གསལ་བའི་དུས་སུ། །
སྣང་བ་མཐུན་པོ་བྱུང་སོང་། །
ན་རྒས་འཆི་ཁ་ཞིག་ལ། །
འདུན་པ་བརྗེད་ཐབས་ཆེ་ཡོད། །
མི་སེམས་མི་ལ་ཤོར་བ། །
རྨི་ལམ་ལྟ་བུ་མ་ཡིན། །
ཁྱེད་ལ་དགའ་བའི་ཉི་མ། །
ཚེེ་ཡི་ཕྱེད་ཀ་མ་ཡིན། །
མདང་ནུབ་ཐུན་མཚམས་ཤིག་ཏུ། །
རྨི་ལམ་འཁྲུགས་པོ་རྨིས་སོང་། །
བུ་མོ་ཚེ་རིང་གཡང་འཛོམས། །
བར་ཆད་མེད་པའི་སྨོན་ལམ། །
ཁ་བ་དཀར་པོ་དཀར་པོ། །
གངས་རིའི་ལྗོངས་སུ་བབས་པས། །
བཀྲ་ཤིས་དུས་བཟང་ཞིག་ལ། །
འུ་གཉིས་འཕྲད་ཡོང་སྙམ་ཡོད། །
རིག་འཛིན་ཚངས་དབྱངས་རྒྱ་མཚོ། །
དག་པའི་ཞིང་ལ་ཕེབས་སོང་། །
ཅང་མེད་སྤྲང་ཕྲུག་ང་རང་། །
མ་དག་འཁོར་བར་འཁྱམས་པ། །
བྲིས་པའི་ཡི་གེ་ཕལ་ཆེར། །
གཞན་མིས་རྡོག་བརྫིས་བྱས་སོང་། །
མ་བྲིས་ཤེས་རབ་ཟབ་མོ། །
བརྙས་བཅོས་ཐུབ་ཚོད་མ་རེད། །
ཁ་པར་གཏོང་གི་མ་འདུག །
མི་ཁ་འཁོར་བའི་རྒྱུ་རེད། །
སྡེ་ཆེན་མི་ཁར་ལྷུང་ན། །
བུ་མོའི་གནས་ལམ་བཀག་ཡོང་། །
ང་ལ་ཡོད་པའི་ལེགས་སྐྱེས། །
ཡི་གེ་འདི་དག་ཡིན་པས། །
ཁོམ་ལོང་ཅུང་ཙམ་ཡོད་ཚེ། །
ཐེངས་ཤིག་གཟིགས་རྒྱུ་མ་བརྗེད། །
འཁོར་བ་ཁབ་ཀྱི་རྩེ་མོ། །
བདེ་བའི་ས་པ་མ་ཡིན། །
སྙིང་ཉེ་ཡིད་ཀྱི་འཁྲི་ཤིང་། །
སུ་དང་གང་ལ་མི་འདྲ། །
དབང་ཆེན་དཔོན་པོའི་བཀའ་ལུང་། །
གནམ་ལྕགས་ཐོག་ལས་བཙན་པས། །
ང་དང་སྙིང་ཐུབ་བྱམས་པ། །
རང་རང་ས་ལ་གྱེས་སོང་། །
བློ་དང་མཆིན་པའི་བར་གྱི། །
སྙིང་གཏམ་མར་དཀར་རིལ་བུ། །
སེམས་སོང་བུ་མོ་མ་གཏོགས། །
སུ་ལ་བཤད་འདོད་མི་འདུག །
རི་སུལ་ལྗོན་པའི་གྲིབ་བསིལ། །
ང་དང་བྱམས་པ་སྡེབ་ས། །
ས་ཐག་རིང་བའི་མི་ལ ། །
ལས་འཕྲོ་མི་འདུག་མ་གསུང་། །
མི་ཚེའི་རྨི་ལམ་ཟེར་བ། །
ཅི་འདྲའི་ཡིད་དུ་འོང་བ། །
ང་དང་ལས་མཐུན་བུ་མོ། །
བརྩེ་དུང་ཁྲོད་ཀྱི་གཏམ་རྒྱུད། །
ཁ་སང་འཕྲད་པའི་བུ་མོ། །
སྐྱེ་འབྲས་མཚར་བའི་པདྨ། །
བརྩེ་བའི་ཟླ་གྲོགས་ཤིག་ལ། །
སྨོན་ལམ་ཐེངས་གསུམ་བཏབ་ཡོད། །
མཛེས་མ་མང་པོ་མི་དགོས། །
རང་སེམས་སོང་བའི་མི་དེ། །
གཏན་གྱི་འདུན་མར་བྱུང་ན། །
ང་ལ་དེ་གའི་ཆོག་གོ། །
སྡེ་བའི་ཕྱི་ནང་གཉིས་ཀ །
མི་ཁའི་རླུང་བུ་ལྡང་རུང་། །
ཨ་ཅག་གཤིས་བཟང་ཞིག་ལ། །
དགའ་བའི་ཚིག་གསུམ་བརྗོད་ཡོད། །
ང་ལ་བྱམས་པ་མི་དགོས། །
ཚེ་རིང་གཡང་འཛོམས་ཡོད་རེད། །
མི་ཚེ་ཐུང་ཐུང་ཞིག་ལ། །
རྨི་ལམ་མང་བས་ཅི་བྱེད། །
འཕྲིན་པ་འགའ་ཞིག་བྲིས་ཡོད། །
རིན་ཆེན་སྒྲོམ་ལ་བཅུག་རོགས། །
སྐྱེ་བ་ཕྱི་མའི་དུས་ཀྱི། །
བཟའ་ཟླ་ཨེ་ཡོང་བལྟ་ཆོག །
ང་དང་ཚེ་གཡང་གཉིས་ཀར། །
གསང་གཏམ་མང་པོ་མི་འདུག །
མི་ཚེའི་དགའ་སྐྱོ་ཆགས་སྡང་། །
གསང་དང་མ་གསང་མི་ཅི་ཡོད། །
བུ་མོ་གླེན་མ་ཞིག་གིས། །
ང་ལ་བརྩེ་བ་བཅངས་ཡོད། །
མི་ཡུལ་སྐྱིད་རེས་སྡུག་རེས། །
འཚོ་བར་ཁ་དོག་བསྣན་ཡོད། །
ཟི་ལིང་ཁྲོམ་རའི་ནང་ནས། །
གཡུ་ཡི་མེ་ལོང་ཉོས་ཡོད། །
སྣང་བ་རྣམ་རྟོག་མེད་ན། །
ཞལ་རས་དང་དོད་བྱེད་རོགས། །
འུ་གཉིས་ལས་སེམས་མཐུན་པ། །
ཆུ་དང་འོ་མའི་ངང་ཚུལ། །
འཆི་བདག་སླེབས་པ་མིན་ན། །
སོ་སོར་གྱེས་པ་མི་སྲིད། །
ཐོ་རངས་དང་པོའི་དུས་ལ། །
བྱ་ཕོའི་གསུང་སྐད་གྲག་པས། །
ང་དང་ཚེ་གཡང་གཉིས་ཀའི། །
སྙིང་གཏམ་བཤད་འཕྲོར་ལུས་ཡོད། །
སྐར་མ་སྨིན་དྲུག་ཤར་བྱུང་། །
བརྩེ་བའི་སྲས་མོ་ཞིག་ལ། །
དུས་ཆད་ལན་གསུམ་བཏབ་པས། །
ཁོ་མོ་མཐོང་རྒྱུ་མི་འདུག །
སེམས་གཏམ་སྙིང་གི་ཐིག་ལེ། །
བུ་མོ་ཁྱེད་ལ་བཤད་ཡོད། །
བུ་མོར་དགའ་རོགས་མང་བས། །
མི་ཆེན་དཔོན་པོས་གོ་སོང་། །
མདང་ནུབ་རྨི་ལམ་ངོགས་སུ། །
བུ་མོ་ཚེ་གཡང་མཇལ་བྱུང་། །
ང་ཡི་ཁྱིམ་མི་རྣམས་ཀྱིས། །
རྨི་ལམ་བར་ཆད་མ་གནང་། །
བརྩེ་དུང་རིན་བྲལ་ནོར་བུ། །
ང་ལ་མེད་ཐབས་མེད་པས། །
ལྷད་མེད་གཉུག་སེམས་གཙང་མར། །
མི་ཁས་རྡོག་རོལ་མ་གཏོང་། །
ཆུང་དུས་རྨི་ལམ་མང་བ། །
ཅོལ་ཆུང་བྱིས་པའི་སྐྱོན་རེད། །
བསམ་བློའི་རྒྱགས་ཕྱེ་མེད་ན། །
མི་ཚེར་རིན་ཐང་མི་འདུག །
ཡོན་ཏན་སྣ་གཅིག་བསླབ་པ། །
མི་གཞིའི་གསེར་མདོག་ཡིན་འགྲོ། །
དགེ་རྒན་དམ་པའི་གདམས་ངག །
བླ་སྲོག་བདོག་པའི་རྒྱུ་རེད། །
དམ་པའི་ལྷ་ཆོས་ཟེར་བ། །
འདི་ཕྱི་གཉིས་ཀྱི་ནོར་རེད། །
དེ་ལ་དད་མོས་མེད་པ། །
ཁྲེལ་མེད་ཁྲམ་པའི་བུ་རེད། །
དུས་རབས་ཉེར་གཅིག་ཟེར་བ། །
གློག་གིས་སྒྱུ་འཕྲུལ་སྟོན་ས། །
ཁ་ཐག་རིང་ཡང་སྐྱོན་མེད། །
འཕྲིན་པའི་ལམ་ནས་འཕྲད་ཡོང་། །
སྒེག་ཉམས་སྟོང་གི་བདག་མོ། །
ཚངས་པའི་སྲས་མོ་ཡིན་རེད། །
ངས་ནི་བུ་མོ་ཞིག་ལ། །
མི་ཚེའི་ཡོད་ཚད་བཅོལ་ཟིན། །
ཉིང་ཁྲིའི་ཡུལ་གྱི་བུ་མོར། །
བརྩེ་བའི་དམ་བཅའ་བཞག་ཟིན། །
བགེགས་དང་བར་ཆད་ཆེ་རུང་། །
བྲལ་བའི་བསམ་པ་ངར་མེད། །
ཁ་ཐག་ལེ་དབར་ཁྲི་རེད། །
སེམས་ཐག་དེ་ལས་ཉེ་ཡིན། །
མི་ཚེའི་སྙིང་གཏམ་གླེང་ས། །
སེམས་ཐག་ཉེ་ན་ཆོག་རེད། །
ལ་དང་ལུང་པ་མི་གཅིག །
སྐད་དང་ཆ་ལུགས་མི་འདྲ། །
མི་ཚེའི་དམིགས་ཡུལ་གཅིག་པས། །
ལས་སེམས་མཐུན་པ་བྱུང་སོང་། །
བྲིས་པའི་ཡི་གེའི་ཐིག་ཕྲེང་། །
དབྱངས་གསལ་སོ་བཞིར་སྡེབ་པ། །
མ་བྲིས་བརྩེ་བའི་རི་མོ། །
ཡིད་ལ་ཝ་ལེར་གསལ་བ། །
ཡ་ཆུང་སེམས་པའི་དཀྱིལ་ལ། །
ཁོ་མོའི་ཟུར་མིག་ཕོག་པས། །
དུང་བའི་ཚིག་གི་མདུད་པ། །
ག་ལེར་ཁོ་མོར་ལབ་ཡོད། །
མི་ཚོགས་འཚང་གའི་ཁྲོད་ལ། །
ཚེ་གཡང་མཐོང་རྒྱུ་མི་འདུག །
ལ་མོའི་ཕར་ཕྱོགས་ཤིག་ནས། །
མིང་གི་ལན་གསུམ་བོས་ཡོད། །
སྲིད་པ་ཆགས་པའི་དུས་སུ། །
ཕོ་མོ་གཉིས་ཀ་ཡོད་རེད། །
དུས་ལ་འགྱུར་བ་ཡོད་ཀྱང་། །
མི་ལ་འགྱུར་བ་སྲིད་དམ། །
གནའ་བོའི་མཁས་པ་ཞིག་ལ། །
མགུར་གླུའི་བང་མཛོད་ཡོད་རེད། །
དེ་རིང་ཚངས་དབྱངས་རྒྱ་མཚོས། །
ཆུང་འདྲིས་བྱམས་པ་དྲན་སོང་། །
༢༠༡༢ ༡༢ ༢ དགོང་མོར་བྲིས།