ཆབ་མདོའི་དམངས་ཁྲོད་ཀྱི་གླུ།༣
ཤར་རྒྱ་གར་རྩ་མཆོག་གོང་མ་ལ།།
ལུག་གཡང་དཀར་ཤོག་དང་རྩ་ཟ་འགྲོ།།
རྩ་མཉམ་ཟ་ཟེར་ལེ་མ་རེད་ནའང༌།།
རི་ཤག་ཤོག་བརྒྱུད་ནས་མཉམ་འགྲོ་བཟོ།།(ཤག་ཤོག་ནི་སྒང་གཤོངས་དང་འདྲ)
ཁྱོད་སྡོད་ས་གསེར་ཆུ་ཕར་ཀ་རེད།།
ང་སྡོད་ས་གསེར་ཆུ་ཚུར་ཀ་རེད།།
གསེར་ཟམ་མི་འཛུགས་མི་ཁ་ཆེ།།
གསེར་སྐུད་རྒྱུད་ནས་འདུན་མ་གཏམ།།
ས་དཀར་ནང་གི་ཝ་དཀར་དང༌།།
ས་དམར་ནང་གི་ཝ་དམར་གཉིས།།
གྲྭ་མེད་གྲུམ་པའི་ཁ་རྩ་ལ།།
གྲྭ་དཀར་དམར་བསྡེབས་ནས་བུད་འགྲོ་ཆོག།(བུད་ནི་ཕྱིན་པའི་དོན)
མེ་ཏོག་སེར་ཆེན་འདབ་མ་རྒྱས།།
ལུག་གཡང་དཀར་གཅིག་གིས་ཟ་དགོས་ཟེར།།
ཟ་དགོས་ན་མགོ་ཟ་མཇུག་ཟ་དགོས།།
ཟ་མ་བསམ་འདབ་མ་དཀྲུག་དོན་མེད།།
གསེར་སྒ་ཉི་མ་རང་ཤར་དེས།།
ཁྲ་ཤར་ལེ་ལ་མོ་བརྒྱབ་ནས་ཐལ།།
ཤིང་སྒ་ཡ་མིན་ཆ་སྡེབ་དེས།།
མདོང་ད་ནང་ཅི་འདྲ་དྲན་ཤེ་ཡོད།།(མདོང་ནི་ཉེ་ཆར་དང་འདྲ)
ལ་དཀར་དཀར་ཡར་དེའི་ཕར་ནང་ལ།།
རྡོ་དཀར་དཀར་མཎྜལ་ཕུལ་བཞག་ཡོད།།
ཕྱག་སྐོར་བ་ཟེར་ལེ་མ་ཕོག་ཀྱང༌།།
གཞོགས་གཡས་པ་མི་གཏད་ལོ་ས་མེད།།
རོགས་དགའ་མོ་ཡོད་སའི་ས་ཕྱོགས་ལ།།
སྤྲིན་དཀར་ལུ་ཉིན་འགྲོ་མཚན་འགྲོ་རེད།།
སྤྲིན་དཀར་ལུས་མི་སྐད་གོ་དུ་ན།།(དུ་ནི་ཕལ་ཆེར་འདུག་དང་འདྲ)
ངས་ཉིན་རེ་ཆ་རེ་བསྐུར་ཡོང་ཆོག།
ཁྱོད་འདྲ་བའི་རོགས་ཤིག་ཡོད་ལེ་བས།།
ཁལ་ཨ་ཡུ་རོགས་ཤིག་ཡོད་ན་དགའ།།(ཁལ་ནི་གཡག)
ཁྱོད་ཤི་ན་རོ་གོག་ག་བར་གཡུག།
ཁལ་ཨ་ཡུ་ཤི་ན་མགོ་ཀོ་བརྡོག།(བརྡོག་ནི་ལྷམ་གྱི་ཞབས་ལ་བསྒར་བའོ་དོན)
འདོ་དྲུག་རྟ་ཕོ་བྱ་རེད་ཟེར།།
གསེར་སྒ་པ་ཊ་སྒྲོ་རེད་ཟེར།།
བྱ་སྒྲོ་གཉིས་ཀྱི་བར་ལམ་ལ།།
མི་འགྱུར་གློ་སླས་བསྡམས་བཞག་ཡོད།།(གློ་སླས་ནི་རྟ་ལ་སྒ་སྡམ་བྱེད་ཀྱི་ཐག་པ)
ཨ་ཆེན་ཐང་གི་ཐང་འགོ་ནས།།
རྟ་རག་དཀར་མཐུར་ཐག་དྲུད་ནས་བྱུང༌།།
ངས་མ་ཤེས་མཐུར་ཐག་བཟུང་གྲབས་བྱས།།
བཟུང་མི་དགོས་རྒྱ་གྲོང་སྤྱི་རྟ་རེད།།(རྒྱ་གྲོང་ནི་རྒྱ་ཆེ་བའི་གྲོང་སྡེ)
ལ་དྲུག་ལ་མོའི་ཕར་ནང་ལ།།
འབྲུ་དྲུག་ས་བོན་བཏབ་བཞག་ཡོད།།
སད་སེར་བས་གློ་དགྲ་མ་ཡོང་ན།།
འབྲུ་རེ་རེས་སྒྲོ་ཁ་གང་ས་ཡོད།།(སྒྲོ་བ་ནི་ཀོ་བས་བཟོས་པའི་སྣོད།)
གླུ་ལེན་ན་ཁྲ་ཡག་རྫ་ལ་ལེན།།
རྫ་ཁྲ་ཡག་སིང་སིང་ཟེར་ལེ་ལེན།།
ངག་བཀུག་ན་རྒྱ་མཚོའི་འགྲམ་ནས་བཀུག།
ཆབ་སྔོན་མོས་སིལ་སིལ་ཟེར་ལེ་བཀུག།
གླུ་མི་ལེན་རྫོ་དུས་ལེན་དགོས་ཟེར།།
ལེན་རན་དུས་ལྐུག་པ་གྲ་འགྲིགས་རེད།།
རྟ་མ་རྒྱུག་རྫོ་དུས་རྒྱུག་དགོས་ཟེར།།
རྒྱུག་རན་དུས་བུམ་ཏོ་གྲ་འགྲིགས་རེད།།(བུམ་ཏོ་ནི་རྟ་རྨིག་པ་སྐྱོན་ཅན)
རྟ་བརྒྱ་བཅིབ་ལེ་ཟེར་འདུག་སྟེ།།
ལྷམ་ཆུང་ཕི་ཁ་ཤོ་བསྡད་འགི།(ཕི་ཁ་ནི་ཕྱི་རྟིང་དང་འདྲ)
འབྲི་བརྒྱ་བཞོས་ལེ་ཟེར་འདུག་སྟེ།།
ཡ་མཆུ་སེར་ཐག་ཆོད་བསྡད་འགི།།
འབའ་ཀོང་འབུ་ཡི་ར་ཅོ་ཅན།།(འབུ་ནག་པོ་ར་བཅོ་ཅན་ཞིག)
རྡུང་ཀ་ཅི་ཡོད་ང་ཡིས་ཤེས།།
འབའ་རྒྱ་ཀ་ར་སུག་མང་མ།།(ལ་ལས་སྡོམ་དང་འབའ་ཇ་ཡང་ཟེར)
རྒྱུག་བང་རྩལ་ཅི་ཡོད་ང་ཡིས་ཤེས།།
རྟ་གཅིག་བཅིབ་བཞིན་རྐྱང་གཅིག་ཁྲིད།།
རྟ་བཅིབ་རྐྱང་ཁྲིད་ཨི་ལོ་ཤེ།།(ཤེ་འདི་ནི་དེ་ལྟར་ཨེ་རུང་ན་ཞེས་པའི་དོན)
འབྲི་གཅིག་བཞོ་བཞིན་འབྲོང་གཅིག་ཁྲིད།།
འབྲི་བཞོ་འབྲོང་ཁྲིད་ཨི་ལོ་ཤེ།།