ཆབ་མདོའི་དམངས་ཁྲོད་ཀྱི་གླུ།༢
གླུ་ལེན་ན་རྒྱབ་རི་རྩེ་ནས་ལེན།།
རྒྱབ་རི་ཡང་རི་རྩེ་ནས་ལེན།།
ཡང་རི་དར་དཀར་བརྒྱུད་ནས་ལེན།།
དར་དཀར་པོའི་མདུད་པ་བཀྲོལ་ཤེ་ལེན།།(ཤེ་ནི་དོན་མང་པོ་ལ་འཇུག་པ་སྟེ་འདི་བཞིན་སྒྲ་དང་མཚུངས )
བཀྲོལ་ཤེས་ན་དར་དཀར་ཡུག་ཅིག་རེད།།
བཀྲོལ་མ་ཤེས་མདུད་ནག་ཆག་གང་རེད།།
གནམ་ཨ་སྔོན་བྱ་ལམ་གོང་མ་ལ།།
ངས་སྟོང་སྐུད་དམར་པོའི་འགུག་ཅིག་བཞག།
བཞག་རྒྱུ་ཐང་དཀར་རྒོད་ལ་བཞག།
ཟིན་རྒྱུ་གོ་རྒན་གཤོག་རིང་ཟིན།།
བྱ་ཁྱོད་ཀྱིས་འཕག་ཚག་མ་རྒྱག་དང༌།།
ཕོ་ང་ཡིས་གསོད་བསམ་ཞེ་ལ་མེད།།
ཆུ་ཆེན་བྱེ་མའི་ཁུག་སོ་ལ།།
བྱེ་མའི་མཆོད་རྟེན་བཞེངས་བཞག་འདུག།
རྒྱ་ཐན་མིག་དམར་ཤར་ཉིན་མོ།
བྱེ་མའི་མཆོད་རྟེན་ཡག་འདུག་སྟེ།།
ཉི་མ་ལོག་ཆར་འབབ་ཉིན་མོ།།
བསྡད་ཨི་འདུག་ལྟད་མོ་རྒྱང་ནས་ལྟ།།
གསེར་ལ་ལ་མའི་ལ་ཁ་ལ།།
རྟ་གསེར་བྱ་འདྲ་ཞིག་རྟོད་བཞག་ཡོད།།
ཁ་དགའ་ལེ་གསེར་སྲབ་བཀོན་བཞག་ཡོད།།
རྒྱབ་དགའ་ལེ་གསེར་སྒ་བསྟད་བཞག་ཡོད།།
འགྲོ་དགོས་པའི་ཉིན་ཞིག་ཤར་བྱུང་ན།།
ཁ་དཀྲུག་ཙམ་མ་གཏོགས་དགོས་ས་མེད།།
ཆུ་ཕར་ཀའི་ཡུ་མོ་གེ་རུ་མ།།(ཡུ་མོ་ནི་ཤྭ་བ་མོ)
ཁྱོད་གེ་རུ་འགྲོ་བཞིན་གེ་རྩ་ཟ།།(གེ་རུ་ནི་གཅིག་པུ་དང་འདྲ)
གེ་རྩ་ཟ་བཞིན་གེ་ཆུ་འཐུང༌།།
ལུས་དེ་ལ་ན་ནད་མི་འདུག་སྟེ།།
སེམས་དེ་ལ་སྡུག་ཅིག་ཡོད་ས་རེད།
ཨ་ཆེན་ཐང་གི་ཐང་མགོ་ལ།།
ལྷ་བླ་མ་དགའ་ལེ་གུར་གཅིག་ཕུབ།།
གུར་མགོ་རི་མགོ་ཉི་མ་ཤར།།
གུར་སྐེད་ལྷ་དང་བླ་མས་གང༌།།
གུར་སྒབ་ཆོས་སྐྱོང་སྲུང་མས་གང༌།།
ར་རྒྱ་རྒྱ་ར་ཅོ་རིང་པོ་མ།།(རྒྱ་རྒྱ་ནི་ཁ་དོག་གི་ཁྱད་པར་ཏེ་ངོ་གདོང་ལ་སྤུ་སེར་པོ་ཅུང་ཙམ་སྐྱེས་པ་ཞིག)
ར་ཁྱོད་ཀྱིས་དྲན་ན་ར་རིང་དྲན།།
བོད་མི་སྡེས་ར་རིང་མི་རྫོ་དུ།།(རྫོ་ནི་བརྗོད་པའི་དོན་ཏེ་བརྫས་བརྫོ་རྫོ་རྫོས་འདས་མ་འོངས་ད་ལྟ་སྐུལ་ཚིག་བཅས་ཡིན)
ར་ཕན་མེད་རྩེ་མོ་རིང་ལེ་དེ།།
ར་ཁྱོད་ཀྱི་ར་འགྲམ་གཉོག་ས་རེད།།
བྱང་སྨུག་པོ་ལྡོང་གི་ལྡོང་མགོ་ནས།།
གླུ་ལེན་འདོད་དབུགས་གདངས་རུག་སེ་གདའ།།
གླུ་ལེན་འདོད་ཡོད་ན་ལོངས་ཤོག་དང༌།།
དོ་ནུབ་ནུབ་ཀྱི་ཕྱི་དྲོ་ལ།།
ཁ་སྐོར་ལྡག་དགོས་ལེ་མི་བཟོ་རེ།།
དབུས་ཀྱི་རི་རྒྱལ་ལྷུན་པོ་དེ།།
ངས་དང་པོ་རི་ངོ་མཇལ་བའི་དུས།།
དར་དཀར་པོ་གསུམ་གྱི་མཇལ་དར་ཕུལ།།
རྡོ་དཀར་པོ་གསུམ་གྱི་མཎྜལ་ཕུལ།།
རི་དེ་ཚོས་མི་མགོན་ལོ་ས་མེད།།
ངའི་འུར་ཐག་བལ་ཟི་བེལ་ཁྲ་དེ།།
ངས་ན་ཉིན་བེའུ་ལུག་འཚོ་དུས་སླས།།
ད་ལོ་ཨ་མཐུན་རོགས་ལ་སྦྱིན།།
སང་གནག་ལུག་ལྷས་ལ་འདེད་ཉིན་མོ།།
ཁྲ་ཁོབ་སེ་འཕོངས་ཤོག་བསམ་པ་དགའ།།
ང་ཁྲམ་པ་སྒང་རིང་སྒང་ནས་འོང༌།།
མགོ་ཝ་ཞྭ་རླུང་དང་རྩེད་ཤེ་འོང༌།།(ཤེ་ནི་བཞིན་དང་མཚུངས)
སྨན་བུ་མོ་གཤོང་རིང་གཤོང་ནས་ཤོག།
རྐང་ལྷམ་ཆུང་ཆུ་ལ་ཟོན་ཤེ་ཤོག།
སྒང་ལ་ཁ་ཡར་ན་མཉམ་འཛོམས་བྱེད།།