ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> དམངས་གཞས་དམངས་གླུ།
 རྩོམ་ཡིག་ཀློག་པ།

དྲན་གདུང་གི་མིག་ཆུ།

  རྩོམ་པ་པོ:མཁར་པ་ཆོས་དགའ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:4291ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/8/18 16:31:08ཚོགས་ཡར་སྤྲོད:admin

དྲན་གདུང་གི་མིག་ཆུ།

 

མཁར་པ་ཆོས་དགའ།


མཁའ་ལམ་སྤྲིན་པ་དཀར་པོ། །
རྒྱ་གར་ཕྱོགས་སུ་བསྐྱོད་ན། །
ང་ཡི་སྙིང་སྡུག་མཛའ་མོ། །
སྐུ་ཁམས་ཨི་བདེ་ལྟ་རོགས། །

ཆུ་ཤེལ་དབང་པོའི་དཀྱིལ་འཁོར། །
མཁའ་ལ་ཤར་ཚེ་སྐྱིད་རུང༌། །
ཁྱོད་མེད་ཤུལ་གྱི་ཉིན་མོར། །
ང་ལ་སྐྱིད་ཅིག་མི་འདུག །

སྙིང་གཏམ་མིག་ཆུར་འདྲེས་སོང༌། །
མིག་ཆུ་གཙང་པོར་འདྲེས་སོང༌། །
གཙང་པོ་རྒྱ་མཚོར་འདྲེས་པས། །
བསྐལ་བའི་བར་དུ་འཁྱིལ་སོང༌། །


ཁྱོད་དང་འཕྲད་པར་འདོད་ནས། །
ཉིན་ཞག་མང་པོར་སོང་ཡང༌། །
རྫ་དང་གངས་རིའི་བར་ནས། །
ཕྱིར་ལ་འཁོར་དགོས་བྱུང་སོང༌། །

དཔྱིད་དཔལ་བཞད་པའི་ཁྲོད་ནས། །
དབྱངས་སྙན་ཁུ་བྱུག་སྔོན་མོ། །
སང་ཕོད་ད་ལོའི་དུས་སུ། །
སླར་ཡང་ཕེབས་པར་བསྒུགས་ཡོད། །

རྫ་སྤང་འདྲེས་མའི་བར་ནས། །
སྙིང་སྟོབས་འབྲོང་གཡག་རུ་རིང༌། །
ང་དང་མཐོ་རུ་རྐྱང་ཆུང༌། །
ཁ་བྲལ་གནང་བ་མ་མཛད། །

གཞོན་ལུས་དཔྱིད་ཀྱི་དཔལ་ཡོན། །
དར་མ་དབྱར་གྱི་ཕུན་ཚོགས། །
རྒ་བ་སྟོན་ཁའི་སྡོང་ལོ། །
ཤི་བ་དགུན་གྱི་ཉམས་རྒུད། །
དང་པོ་རང་གཉིས་འཕྲད་ས། །
ཙན་དན་སྡོང་བོའི་བསིལ་འོག །
སྙིང་གཏམ་ཐ་མ་བཤད་ས། །
རྫ་ཆུ་སྔོན་མོའི་གཡས་ཟུར། །

གངས་ཆབ་ཁ་དོག་དཀར་ཡང༌། །
འཐུང་ན་ལྟོ་ལ་གནོད་པ། །
ཕྱུག་པོའི་བུ་མོ་མཛའ་ཡང༌། །
འདྲེས་ན་སྙིང་ལ་གཟན་པ། །

ལྷ་འདྲེ་སྟོང་གིས་ཤོར་བའི། །
གཅོད་པ་ཚེ་དཔག་རྒྱ་མཚོ། །
ང་དང་ཆུང་འདྲེས་བྱམས་པ། །
འཕྲད་པའི་ཐབས་ཤིག་གནང་རོགས། །

དྭངས་གཙང་ཆབ་རྒྱུན་བསིལ་མ། །
ཆུང་འདྲེས་བྱམས་པ་ཡིན་ན། །
ཉི་མ་རེ་རེ་བཞིན་དུ། །
འཐུང་བའི་སྐལ་བ་ལོས་ཡོད། །
རིང་མོའི་དུས་ནས་བརྣགས་པའི། །
བྱམས་བརྩེའི་ལྷ་ཞལ་དཀར་པོ། །
ཡུལ་དང་དུས་ཀྱིས་ཆོད་པས། །
མཇལ་བའི་སྐལ་བ་མ་བྱུང༌། །

ཨ་ཅེ་དབྱངས་ཅན་ལྷ་མོ། །
འཇམ་མཉེན་ཕྱག་རིང་སྐྱོངས་ལ། །
ང་ཡི་ཞེ་མཐུན་མཛའ་མོ། །
སྡུག་གི་འོག་ནས་འདྲེན་རོགས། །

སེམས་གཏིང་ཨ་ཅེ་ལྷ་དཀར། །
ལྷ་ལ་ཐུགས་རྗེ་ཡོད་ན། །
རེ་བའི་ང་རོས་འབོད་པ། །
སྟོང་ལམ་དབྱིངས་ནས་གསོན་དང༌། །

གཏམ་གྱི་སྙིང་པོ་བསྡུས་ན། །
སྙིང་གི་སྡུག་རོགས་འདི་རེད། །
བཤད་ས་ལ་ཁའི་ཤིང་སྡོང༌། །
སྡོང་ལོ་ས་ལ་འཐོར་སོང༌། །
བསམ་ན་སེམས་ལ་གཟན་པ། །
སོང་ན་ལྷམ་ལ་གཟན་པ། །
གང་བྱས་ལས་གྱི་རྗེས་སུ། །
སེམས་ཁོང་སྐྱོ་བས་གང་སོང༌། །

བསམ་ན་གངས་དཀར་ལྷུན་པོ། །
མདོག་དང་ཆགས་ཚུལ་ཡག་རུང༌། །
འགྲོགས་ན་འཁྱག་གི་སྡུག་རོགས། །
བསྐོར་ན་མཐའ་མཚམས་མི་ཆོད། །

ཉི་མ་རེ་རེ་བཞིན་དུ། །
དྲན་པའི་མིག་ཆུ་ཇེ་མང༌། །
ལོ་ཟླ་རེ་རེ་བཞིན་དུ། །
ངོ་གདོང་གཉེར་མ་ཇེ་མང༌། །

ཡུན་ནས་ཡུན་དུ་བསགས་པའི། །
འབད་པ་བརྒྱ་ཡི་བརྩེ་གདུང༌། །
དུངས་སེམས་ཤར་རིའི་ཕྲག་ནས། །
ཉི་མ་གཞོན་ནུས་བསྐུས་སོང༌། །
གོས་གྱི་ལྭ་བ་ཁྲ་རིང༌། །
མར་ཕྱོགས་འདབ་ཁ་རྡོལ་སོང༌། །
མི་ཚེའི་འཕྲེང་ཐག་ཕྲ་མོ། །
གཅིག་བགྲངས་གཉིས་བགྲངས་ཟད་སོང༌། །

དྲིན་ཆེན་མ་ལོའི་བྱམས་བརྩེ། །
པདྨ་དཀར་པོའི་རེག་བྱ། །
དབྱར་དགུན་འགྱུར་ལྡོག་མེད་ན། །
གཏན་གྱི་བདེ་བ་ལོས་ཡིན། །

སྐྱོ་བའི་ཁང་ཆུང་ནང་ན། །
སྡུག་གི་མུན་པ་འཐིབས་ནས། །
བྱམས་བརྩེའི་ཞལ་གྱི་ཉི་གཞོན། །
ནམ་འཇལ་བསམ་ནས་བསྒུགས་ཡོད། །

ཚོགས་བསགས་བརྒྱ་ཡིས་བསྐྲུན་པའི། །
ང་ཡི་དལ་འབྱོར་མི་ལུས། །
སྡུག་བསྔལ་འདི་འདྲའི་ཆེད་དུ། །
ཐོབ་པ་ཡིན་ན་སྐྱོ་བ། །
མཛའ་མོའི་ལས་མཐའ་བསམ་ན། །
རི་སྤྱང་ལས་ཀྱང་སྡུག་རེད། །
ང་ཡི་ལས་ལ་བསམ་ན། །
གནག་རྫི་ལས་ཀྱང་སྡུག་པ། །

སེམས་དང་སེམས་ཀྱི་བར་ལ། །
མི་འབྲལ་དམ་བཅའ་ཡོད་ཀྱང༌། །
ལས་རླུང་རྐྱེན་ངན་སྤྲིན་གྱིས། །
ལ་ལུང་མང་པོར་ཕྲལ་བྱུང༌། །

སེམས་ན་དམ་པའི་ལྷ་ཆོས། །
ཡིད་ན་བླ་མ་མཆོག་གསུམ། །
སེམས་ཡིད་གཅིག་མཐུན་བྱུང་ན། །
འཁོར་བའི་སྡུག་ལ་ཅི་སྐྲག །

སེམས་ཀྱི་ཤོག་དཀར་ངོས་སུ། །
དམ་བཅའི་རི་མོ་བྲིས་ཀྱང༌། །
ལོ་ཟླའི་འཕྲང་རིང་བར་ནས། །
རྣམ་གཡེང་ཆར་གྱིས་འཇིག་སོང༌། །
རང་སེམས་གསོ་བའི་ཆུང་འདྲེས། །
ཟླ་བའི་ངོས་ཀྱི་རི་བོང༌། །
མིག་གིས་མཐོང་རྒྱུ་ཡོད་ཀྱང༌། །
ལག་ནས་འཛིན་རྒྱུ་མི་འདུག །

སེམས་རིང་ཆུ་བོའི་གཞུང་ན། །
དཀར་བའི་རྡོ་རྗེ་བྲག་རི། །
བསྐལ་ཆེན་མེ་ཡིས་ཚིག་ཀྱང༌། །
འགྱུར་ལྡོག་ཡོད་ས་མ་རེད། །

ལ་དང་ལུང་པས་ཆོད་ཀྱང༌། །
བརྩེ་གདུངས་དམ་བཅའ་འགྱུར་མེད། །
ཚེ་འདིར་འགྲོགས་སྐལ་མེད་ཀྱང༌། །
ཕྱི་མའི་ཡུལ་ནས་འཕྲད་ཡོང༌། །

ཐུང་ཐུང་མི་ཚེ་འདི་ལ། །
འཕྲད་པའི་སྐལ་བ་མེད་ཀྱང༌། །
སྐྱོ་གདུངས་མིག་ཆུའི་ཁྲོད་ནས། །
སྒུག་པའི་སྐལ་བ་ལྡན་སོང༌། །
ཧུ་ཤུ་དགུ་བརྩེགས་འདོན་བཞིན། །
ནངས་ནུབ་བར་དུ་བལྟས་པས། །
ཆུང་འདྲེས་ཡོད་སའི་ཕྱོགས་ན། །
འཇའ་སྤྲིན་མང་པོ་འཐིབས་འདུག །

ཆུང་འདྲེས་མཛའ་མོའི་སྐུ་ལུས། །
དངོས་སུ་སྐྱོར་སྐལ་མེད་ཀྱང༌། །
ཁྱེད་ཀྱི་བདེ་སྡུག་སྐད་ཆ། །
ཐོས་པའི་སྐལ་བ་ལོས་ཡོད། །

ནུབ་ཕྱོགས་ནམ་མཁའི་མཐའ་ན། །
བདེ་ལྡན་ཞིང་ཁམས་ཡོད་སྐད། །
ཆུང་འདྲེས་ཁྱོད་དང་ང་གཉིས། །
དེ་རུ་མཉམ་འཛོམས་བྱེད་ཆོག །

འདྲེས་འདྲེས་སེམས་ཀྱི་འཚེར་ཡ། །
འཚེར་འཚེར་ལུས་ཀྱི་རྒུད་རོགས། །
རྒུད་རྒུད་མཐའ་མར་འཆི་བ། །
འཆི་འཆི་སྐྱེ་བའི་ཆོས་ཉིད། །
བཟློག་ཐབས་མེད་པའི་སྔོན་ལས། །
མཛའ་མོའི་དྲན་ཤིང་ཡིན་སོང༌། །
དྲན་གདུང་ཡིད་ཀྱི་ཆུ་མིག །
སྐམ་པའི་དུས་ཤིག་མི་འདུག །

བཀའ་བསྟན་ཟབ་མོའི་གནད་འགག །
སྐྱེ་བོ་ཕལ་བས་རྟོགས་དཀའ། །
ཆུང་འདྲེས་ངེད་གཉིས་མཛའ་མཐུན། །
སྐྱེ་བོ་སུས་ཀྱང་རྟོགས་དཀའ། །

སྙིང་སྡུག་མཛའ་མོའི་མིག་ཆུ། །
ཆང་དཀར་ལས་ཀྱང་ཞིམ་པ། །
དེ་ཡི་སྙིང་གཏམ་ཚིག་གསུམ། །
ཁུ་བྱུག་ལས་ཀྱང་སྙན་པ། །

ཡུན་རིང་དབྱངས་ཅན་བསྒྲུབས་པས། །
ཞལ་ཁྱིམ་དངོས་སུ་མ་མཐོང༌། །
དེ་ཡི་བྱིན་རླབས་ཐུགས་རྗེ། །
མཛའ་མོའི་རྒྱུད་ལ་འཕོས་འདུག །
སྟོད་ལུང་དོང་པའི་གདོང་གི །
ལྷ་བཟང་གཞུང་པ་ལྷ་ཆུ། །
ངེད་གཉིས་མཉམ་དུ་བཏུང་ནས། །
མི་འགྱུར་དམ་བཅའ་བཞག་ཡོད། །

དབྱར་གསུམ་ཁུ་བྱུག་སྔོན་མོའི། །
དྲུག་འབྱུར་སྙན་པའི་ཚད་ཀྱང༌། །
ང་ཡི་བརྩེ་ལྡན་གསུང་སྐད། །
ཆ་ཤས་ཙམ་ཡང་མི་དོ། །

བཅུད་ལྡན་ཤེལ་དཀར་བུམ་ཆུང༌། །
མཛའ་མོའི་ནུ་མ་ཡིན་ན། །
ང་རང་གར་འགྲོའི་ས་ལ། །
ཁྱེར་ཏེ་སོང་ན་ལོས་ཆོག །

སྤང་སྔོན་རྩི་ཏོག་སྟེང་གི །
བརྩེ་ལྡན་ལུག་ཆུང་མ་བུ། །
རི་སྤྱང་སྡིག་རྒན་ཁོ་ཡིས། །
ཡུད་ཙམ་གཏོར་བརླགས་བྱས་སོང༌། །
ཤ་དང་རུས་པ་འདྲེས་པའི། །
ང་དང་ཆུང་འདྲེས་བྱམས་པ། །
བརྩེ་མེད་ཕ་མ་གཉིས་ཀྱིས། །
ཁ་ཁ་སོ་སོར་ཕྲལ་སོང༌། །

སྡུག་ན་ཚེ་འདིར་སྡུག་པ། །
ཕྱི་མར་ཅི་འོངས་མི་ཤེས། །
ཕ་མར་བྱམས་བརྩེ་ཡོད་ན། །
ངེད་གཉིས་འཕྲད་པར་གནོངས་དང༌། །

གངས་ཅན་བོད་ཀྱི་ཡུལ་ན། །
མཛའ་བརྩེའི་དཔྱང་ཐག་འབྲེལ་ས། །
སེམས་མཐུན་ཆུང་འདྲེས་བུ་མོ། །
སྙིང་གི་དྲན་ཤིང་ཡིན་སོང༌། །

རྫ་རི་སྨུག་པོའི་རྩེ་ཡི། །
ལྷོ་སྤྲོན་སྙིང་རྗེ་ཅན་པོ། །
ང་ཡི་ཆུང་འདྲེས་ཕྱོགས་ལ། །
ཐོག་དང་སེར་བ་མ་ཕབས། །
བར་སྣང་རྒོད་པོའི་གཤོག་རླབས། །
གཞོན་ནུ་ང་ལ་ཡོད་ན། །
སེམས་མཐུན་བུ་མོའི་ཕྱོགས་ལ། །
ཉིན་རེ་ཐེངས་རེར་ཕྱིན་ཆོག །

མཐུན་སྒྲིལ་རྨི་ལམ་འཁྲུལ་ནང༌། །
མཛའ་བ་སྤྲིན་དང་སྒྱུ་མ། །
རྫུན་ལ་བདེན་པར་བཟུང་ནས། །
མི་ཚེ་སྡུག་ལ་བསྐུར་སོང༌། །

ཡོད་མེད་སྒྱུ་མའི་སྣང་བ། །
བདེ་སྡུག་ཆུ་ཡི་གཉེར་མ། །
མཐའ་ལ་ཟད་དུས་མེད་པ། །
ཆུང་འདྲིས་ཕྱོགས་ལ་བསྐུར་སོང། །

བསམ་མེད་རིག་པའི་བུ་ཆུང༌། །
མཛའ་མོ་ཚངས་སྲས་ཕྱོགས་ལ། །
ཉིན་མཚན་ཀུན་ཏུ་བཏུད་པས། །
སྙན་ཚིག་སྙིང་གཏམ་གསུངས་བྱུང༌། །
ཚིག་ལ་མདུད་པ་མེད་ཀྱང༌། །
ནང་དོན་འཁྲོལ་བར་དཀའ་བྱུང༌། །
ཡང་ཡང་དྲི་བ་དྲིས་པས། །
གསང་གཏམ་ཚིག་གསུམ་གསུངས་བྱུང༌། །

མི་འགྱུར་དམ་བཅའི་རི་མོ། །
སྲ་བ་རྡོ་ལ་བརྐོས་ཡོད། །
ལོ་སྟོང་ཆར་བ་བབས་ཀྱང༌། །
དག་རྒྱུ་ཡོད་ས་མ་རེད། །

རོང་གསུམ་ཤིང་ལོའི་ཁྲོད་ཀྱི། །
དྲུག་འགྱུར་ལྷ་བྱ་ཁུ་ལོ། །
གསུང་སྐད་ཀུན་ལ་སྙན་ཡང༌། །
ང་ལ་སྐྱོ་བའི་དྲན་བསྐུལ། །

མཐིང་སྔོན་གུར་གྱི་ནང་གི །
ལྷ་གོས་ལུས་ལ་གཡོག་ནས། །
ཆུང་འདྲེས་བུ་མོའི་སྙིང་གཏམ། །
སྙན་མོའི་འབྲུག་ལ་ཉན་ཡོད། །
དགའ་ན་རི་རྩེའི་དར་ཅཽག །
མགོ་བོ་གུག་གུག་བྱས་སོང༌། །
སྡུག་ན་རྫ་གཏིང་ཆུ་བོ། །
སྨྲེ་དངགས་ལྷུང་ལྷུང་བསྒྲགས་སོང༌། །

དགའ་སྡུག་འདྲེས་མའི་འཚོ་བ། །
སྐྱེ་བོ་ཀུན་ལ་ཡོད་ཀྱང༌། །
ང་ཡི་མི་ཚེ་ཕྲ་མོ། །
སྡུག་གི་འཚོ་བ་ཁོ་ན། །

ཤར་ཕྱོགས་མཚམས་སྤྲིན་དམར་སེར། །
མཛའ་མོའི་བརྩེ་མདངས་ཡིན་ན། །
ཞོགས་པ་མ་ཚེས་གོང་ནས། །
རེ་སྒུགས་བྱས་ན་ཆོག་པ། །

བཟི་བྱེད་ཆང་གིས་མ་བཟི། །
འགྲངས་བྱེད་ཟས་ཀྱིས་མ་འགྲངས། །
སྙིང་སྡུག་མཛའ་མོའི་མིག་ཆུ། །
འཐུང་ཙམ་ཉིད་ནས་ཚིམ་སོང༌། །
ཡུན་རིང་རེ་སྒུག་བྱས་པའི། །
ཆུང་འདྲེས་ཟླ་བ་གཞོན་ནུ། །
ཤར་ཕྱོགས་སྤྲིན་པ་ནག་པོས། །
མཐོང་བའི་སྐལ་བཟང་བསྒྲིབས་སོང༌། །

ཡོལ་བ་ཁྱིམ་ལ་མ་བརྒྱབ། །
ཡོལ་བ་སེམས་ལ་བརྒྱབ་པས། །
མཛའ་མོ་དྲན་པའི་གཟུགས་བརྙན། །
སུ་དང་གང་གིས་མ་མཐོང༌། །

དྲན་དྲན་མཛའ་མོ་དྲན་སོང༌། །
ཉིན་མཚན་ཀུན་ཏུ་དྲན་སོང༌། །
དྲན་གདུང་གཟུགས་སུ་གྲུབ་ན། །
གནམ་ལ་ཤོང་ས་མ་རེད། །

མཛའ་མོའི་ཆུ་སྐྱེས་དཀར་མོ། །
ལང་ཚོའི་འདབ་ལག་རྒྱས་པ། །
གསེར་སྦྲང་གཞོན་ནུ་ང་ཡིས། །
ནམ་ཡང་རོལ་ན་བསམ་བྱུང༌། །
གཏམ་འདི་ཕ་མར་མ་བཤད། །
ཕ་མའི་ཐུགས་ལ་གཟན་འགྲོ །
རྩ་བའི་བླ་མར་མ་ཞུ། །
ཐུགས་དགོངས་ཁྲེལ་བའི་རྒྱུ་ཡིན། །

རྟ་ཕོ་རྐྱང་ཆུང་ཁ་དཀར། །
ཁྱོད་ལུས་གཤོག་ཐོགས་ཡིན་ན། །
འཛམ་གླིང་གཡས་བསྐོར་བརྒྱབ་ནས། །
མཛའ་མོ་བཙལ་ན་བསམ་བྱུང༌། །

མཛའ་གཅུག་ཡིད་ཀྱི་འཁྲི་ཤིང༌། །
འཁྲི་ཤིང་གར་སྐྱེས་ས་ལ། །
ང་རང་ཁྱུ་བྱུག་སྔོན་མོས །
དྲུག་འབྱུར་བླང་ན་བསམ་བྱུང༌། །

ཨ་ཅེ་སེང་ལྕམ་འབྲུག་མོའི། །
དགུ་སེང་དྲུག་འགྱུར་སྙན་ཡང༌། །
ང་ཡི་མཛའ་མོའི་གསུང་སྐད། །
ཕྱོགས་ཙམ་འགྲན་ས་མ་རེད། །
སྙིང་ཐུབ་ལྷ་ཡི་སྲས་མོ། །
ལྷ་མོ་མཇལ་རྒྱུ་བྱུང་ན། །
སྟོང་གསུམ་གསེར་གྱིས་བཀང་ཡང༌། །
རིན་གྱིས་ཁུག་ས་མ་རེད། །

རིན་ཆེན་མི་ལུས་བླངས་ནས། །
དོན་སྙིང་ཅི་ཡོད་མ་ཤེས། །
མཛའ་མོ་ཁོ་ནའི་ཆེད་དུ། །
འཚོ་བའི་ལམ་ཆུང་བརྒལ་སོང༌། །

སྙིང་ཐུབ་པད་དཀར་གཞོན་ནུ། །
བརྩེ་དུངས་སྦྲང་རྩིའི་རོ་བཅུད། །
གསེར་སྦྲང་གཞོན་ནུ་ང་ལ། །
ནམ་ཡང་གནང་རོགས་མཛོད་དང༌། །

གླིང་བཞི་ཉིན་སྐོར་བྱེད་པའི། །
ཨ་སྔོན་ནམ་མཁའི་ཉི་མ། །
བྱམས་པ་གར་འགྲོའི་ས་ལ། །
དྲོད་ཀྱིས་སྐྱོངས་རོགས་མཛོད་དང༌། །
ས་གཞི་པདྨ་འདབ་བརྒྱད། །
མཁའ་དབྱིངས་འཁོར་ལོ་རྩིབ་དགུ །
བར་སྣང་ཆུ་འཛིན་ཁྲོད་ན། །
སྙིང་གྲོགས་གཡུ་འབྲུག་སྔོན་མོ། །

གེགས་དང་བར་ཆད་མེད་ན། །
ཆུང་འདྲེས་ཕྱོགས་སུ་བསྐྱོད་ཆོག །
སེམས་ལ་ལྟ་ལོག་མེད་ན། །
སྟོང་ཉིད་ལྟ་བ་ལོས་མཐོང༌། །

སྟོང་ཉིད་སྟོང་ཉིད་ཟེར་བ། །
ཆོས་ཀུན་གནས་ལུགས་རེད་འདུག །
སྙིང་གྲོགས་སྙིང་གྲོགས་ཟེར་བ། །
སངས་རྒྱས་གོ་འཕངས་རེད་འདུག །

བཤད་ན་ཐོས་ས་མ་རེད། །
བསྟན་ན་མཐོང་ས་མི་འདུག །
དེ་ཕྱིར་ཡུམ་ཆེན་རྒྱལ་མོ། །
མཛའ་མོའི་ཚུལ་དུ་སྤྲུལ་འདུག །
བདག་སེམས་ཆུ་སྐྱེས་དཀར་པོ། །
ཁྱོད་ནི་ཉིན་བྱེད་དབང་པོ། །
བྱམས་བརྩེའི་མཁའ་རུ་བྱོན་དང༌། །
སྤྲོ་དགའི་འདབ་བརྒྱ་བཞད་ཡོང༌། །

རབ་མཛེས་ཆུ་ཤེལ་ལྷུན་པོ། །
ཨ་མྱེ་རྨ་ཆེན་གངས་རི། །
ང་ཡི་མཛའ་མོའི་བརྩེ་མདངས། །
ཁྱོད་ཀྱིས་གཡར་བ་མིན་ནམ། །

འཛམ་གླིང་ཆུ་བོའི་ཡང་རྩེ། །
རྨ་ཀླུང་དལ་འབབ་རིང་མོ། །
ང་ཡི་མཛའ་མོའི་ཕྱི་ཐག །
ཁྱོད་ཀྱིས་གཡང་བ་མིན་ནམ། །

ཡུན་རིང་བག་ལ་ཉལ་བའི། །
ཨ་ཅཻ་ཤེར་ཕྱིན་མཛའ་མོ། །
སྨྱན་བྱེད་དགེ་བའི་བཤེས་ཀྱིས། །
ལྷན་འཛོམས་སྐལ་བ་གནོངས་དང༌། །
བསམ་ནི་སངས་རྒྱས་བསམ་བྱུང༌། །
ཐོབ་ནི་མཛའ་མོ་ཐོབ་སོང༌། །
ཚེ་ཡི་དར་དཀར་རིང་མོ། །
མཛའ་མོའི་ཕྱོགས་སུ་ཤོར་སོང༌། །

ཕྱི་ནང་གཞན་ལ་སྦྱིན་པ། །
སེམས་དཔའི་རྣམ་ཐར་ཡིན་ན། །
ལུས་འདི་མཛའ་མོར་སྟེར་བ། །
སྦྱིན་པའི་གྲས་སུ་ལོས་འགྲོ །

ཡར་ལུང་ཤེལ་བྲག་ཕུག་ཏུ། །
ཨོ་རྒྱན་བླ་མའི་སྐུ་རྗེས། །
ཕྱི་རབས་རྟེན་དུ་བཞག་པ། །
སུས་ཀྱང་བསུབས་ཐབས་མི་འདུག །

སེམས་ཀྱིས་སྒྲོ་སྐུར་བཏབ་ནས། །
སངས་རྒྱས་ཕ་མཐར་བསྐྲད་པ། །
མཛའ་མོའི་མིག་ཆུ་དྲོན་མོས། །
བོས་ཀྱང་ཁུག་ས་མི་འདུག །
ཡུན་རིང་དབེན་རིར་བསྡད་པའི། །
བྱ་བྲལ་ནམ་མཁའ་རྒྱལ་མཚན། །
ཆོས་དབྱིངས་མཛེས་སྡུག་བུ་མོ། །
གྲོགས་སུ་ཁུག་པ་ཨི་བྱུང༌། །

སེམས་གཏིང་རྒྱ་མཚོས་མི་གཞལ། །
བྱ་བ་མཁའ་ཡིས་མི་དཔོག །
རིག་པའི་སྙིང་ཐུབ་མཛའ་མོས། །
ང་ཡི་སེམས་པ་ཤེས་ཡོད། །

བརྩོན་ན་བརྩོན་གོ་མ་ཆོད། །
སྐྱུར་ན་སྐྱུར་ཐག་མ་ཆོད། །
རེ་དོགས་འདྲེས་མའི་ངང་ནས། །
མི་ཚེའི་འཕྲེང་ཐག་ཆད་སོང༌། །

ངག་ནས་བྱམས་པ་བོས་ཚད། །
སྟོང་གསུམ་རྭ་བར་ཁྱབ་ཡོད། །
སེམས་ནས་སྙིང་ཐུབ་དྲན་དྲན། །
འགྲོ་དྲུག་ཁམས་སུ་བརྡོལ་ཡོད། །
སེམས་མཐུན་ཆུང་འདྲེས་མཛེས་མ། །
དབང་ཆེན་དཔོན་པོས་འཕྲོག་སོང༌། །
ཡང་མཐུན་ཤེས་རབ་ལྷ་མོ། །
ཉོན་མོངས་དགྲ་ཡིས་བསྒྲིབས་སོང༌། །

སྙིང་ན་གནས་པའི་སངས་རྒྱས། །
བདེ་གཤེགས་སྙིང་པོ་ཡིན་འདུག །
ལས་མཐུན་རྐྱེན་གྱི་སངས་རྒྱས། །
སྙིང་ཐུབ་གྲོགས་ལ་རག་འདུག །

དྲན་ནི་མཛའ་མོ་དྲན་སོང༌། །
བསྐོར་བསྐོར་ལོ་དགུར་བསྐོར་སོང༌། །
མཐའ་མཇུག་དོན་གྱི་སྙིང་པོ། །
སྟོང་ཉིད་ལྷ་མོ་ཐོབ་སོང༌། །

ལྟ་བ་ལྟ་བ་ཟེར་བ། །
སེམས་ཀྱི་ལྟ་ཕྱོགས་ཡིན་འདྲ། །
སྤྱོད་པ་སྤྱོད་པ་ཟེར་བ། །
དེ་ཡི་བྲན་གཡོག་ཡིན་སོང༌། །
ཁྱོད་ནི་ཆུ་ཤེལ་དབང་པོ། །
བདེ་འབྱུང་གཙུག་ན་མཛེས་སོང༌། །
ང་ནི་ཐོ་རེངས་སྐར་རྒྱན། །
ཉི་མའི་འོད་ལ་བསྒུགས་ཡོད། །

གཉན་པོ་གཡུ་རྩེའི་འདབས་ནས། །
རང་གཉིས་དང་པོ་འཕྲད་དུས། །
བྱེའུ་ཆུང་འཇོལ་མོ་མ་གཏོགས། །
སུ་དང་གང་གིས་མི་ཤེས། །

ཕ་ནི་ཚངས་པའི་རྒྱལ་པོ། །
མ་ནི་ཤེས་རབ་ལྷ་མོ། །
སྲས་ནི་སེམས་དཔའ་ཆེན་པོ། །
འཇིག་རྟེན་ཁམས་ཀྱི་རྒྱན་ཡིན། །

ནོར་གནག་ལྷས་རྭའི་ནང་གི །
སེམས་མཐུན་བུ་མོ་གཡང་འཛོམས། །
མི་ཡུལ་གནས་ལ་འགྲོ་དུས། །
དྲིན་ཆེན་ཕ་མ་མ་བརྗེད། །
རྟ་བཟང་ཁྲ་ཁྱུའི་ནང་གི །
མགྱོགས་པ་གཡང་འཛི་ཁ་དཀར། །
མགྱོགས་དར་དང་པོ་ལེན་དུས། །
རྒོད་མ་རྐྱང་ཆུང་མ་བརྗེད། །

སྡེ་ཆེན་ན་ཟླའི་ཁྲོད་ནས། །
སྟག་ཤར་དགྲ་ཡི་ཐོ་བ། །
གཞན་སྡེ་ཟིལ་གྱིས་གནོན་དུས། །
རང་ཡུལ་ཉམས་ཆུང་མ་བརྗེད། །

ཐུགས་ལ་ཁྲོ་བ་ཡོད་ཀྱང༌། །
འཁོན་དུ་འཛིན་པ་མེད་པའི། །
ང་ཡི་སྙིང་སྡུག་མཛའ་མོ། །
བྱང་ཆུབ་སེམས་མའི་གྲས་རེད། །

གདོས་བཅས་ཤ་ཁྲག་ལུས་ལ། །
ཆགས་ཞེན་དེ་འདྲ་མ་བྱེད། །
ནང་གི་རྣམ་ཤེས་འཁྱམས་པོ། །
འགྲོ་དྲུག་གར་འཁྱམས་ཆ་མེད། །
སྙིང་གདུང་ཡོད་ཚད་སེལ་མཁན། །
ལྷ་མོ་ཤེར་ཕྱིན་སྒྲོལ་མ། །
གཟུགས་ཀྱི་དངོས་པོར་མ་གྲུབ། །
སེམས་ཀྱི་གྲོགས་ཤིག་ཡིན་འདུག །

གྲོགས་མེད་ཁེར་འཁྱམས་སྤྲང་པོ། །
འཇིག་པ་བརྒྱད་ལས་སྐྱོབས་མཁན། །
སྙིང་ཐུབ་སྒྲོལ་མ་དཀར་མོ། །
གཏན་གྱི་མཛའ་མོ་ཡིན་སོང༌། །

སྙིང་ལ་སྙིང་ཐུབ་མེད་ན། །
སྙིང་ཁོང་སྙིང་པོ་མི་འདུག །
སྙིང་པོའི་དོན་སྙིང་ལེན་ན། །
སྙིང་རྗེ་མེད་ན་ཅི་བྱེད། །

སྙིང་ཐུབ་མཛའ་གྲོགས་བུ་མོ། །
ན་ཟླའི་ཁྲོད་ན་བཞུགས་ཡོད། །
འཁོར་བར་ཞེན་པ་ལོག་ན། །
དབེན་པའི་རི་ལ་ཕེབས་ཤོག །
བན་ཆུང་ཏིང་འཛིན་བཟང་པོ། །
ཚང་ཚིང་ནགས་ན་བཞུགས་ཡོད། །
སྙིང་སྡུག་དབྱངས་ཅན་དཀར་མོ། །
སྙིང་གི་དབུས་སུ་བཞུགས་ཡོད། །

དམར་སེར་ལི་ཁྲིའི་མདངས་འཛིན། །
ལྷ་མཆོག་འཇམ་དཔལ་གཞོན་ནུ། །
བཙུན་པའི་དོན་སྙིང་ཡིན་སོང༌། །
དབྱངས་ཅན་དེ་ལ་འཁོར་ཡོད། །

འཇམ་དཔལ་ཤེས་རབ་ཆེ་བས། །
ཆོས་ཀུན་མངོན་དུ་བྱས་སོང༌། །
དབྱངས་ཅན་ངག་ལ་དབང་བས། །
སྲིད་ཞིའི་ཡིད་དབང་བཀུག་སོང༌། །

སྙིང་སྡུག་མཛའ་མོའི་མིག་ཆུ། །
ང་ཡི་སྙིང་ལ་སིམ་པས། །
སྙིང་གི་འཇམ་དཔལ་གཞོན་ནུས། །
འགྲོགས་པའི་ཐུགས་སྨོན་མཛད་བྱུང༌། །
སེམས་པ་གངས་དཀར་ལྷུན་པོ། །
སྙིང་གཏམ་ཆབ་རྒྱུན་བསིལ་མ། །
ང་ཡི་ལུས་ལ་ཕོགས་ནས། །
དགའ་བདེ་བརྗོད་ལས་འདས་སོང༌། །

སྙིང་སྡུག་སྒྲོལ་མ་དཀར་མོ། །
སྙིང་གཏམ་དམ་པའི་ལྷ་ཆོས། །
སྙིང་གི་དཀྱིལ་དུ་ཐིམ་པས། །
སྙིང་པོའི་དོན་ལ་ཕྱོགས་སོང་། །

སེམས་ཀྱི་གཤིས་ལ་གནས་པའི། །
མ་བཅོས་ཡིད་བཞིན་ནོར་བུ། །
ཉོན་མོངས་འདམ་གྱིས་གཡོག་པས། །
དངོས་སུ་མ་མཐོང་ལུས་ཡོད། །

དམ་ཆོས་བདུད་རྩིའི་ཆབ་རྒྱུན། །
ཁམ་གང་བཏུང་བར་འདོད་ཀྱང༌། །
མཛའ་མོ་དྲན་གདུངས་འདི་ཡིས། །
སེམས་ལ་རང་དབང་མ་ཐོབ། །
རོང་བཙན་ཁ་བ་དཀར་པོ། །
ཨོ་རྒྱན་པདྨའི་སྒྲུབ་གནས། །
སེམས་ཀྱི་གངས་དཀར་ཁྱོད་ཡིན། །
སྙིང་གི་འཁྲི་ཤིང་ཁྱོད་ཡིན། །

མི་ཉག་བཞག་བྲ་ལྷ་རྩེ། །
གཉན་ཆེན་ཐང་ལྷའི་སྐུ་སྲས། །
ཚེ་རབས་ལས་ཀྱི་བསྲུང་མ། །
བདེ་སྡུག་བཅོལ་ས་ཁྱོད་ཡིན། །

མདོ་མེད་སྤྲང་འཁྱམས་བདག་གིས། །
དོན་མེད་འཆལ་གཏམ་འདི་ཡིས། །
རྒྱལ་བའི་བསྟན་ལ་གནོད་ན། །
སྙིང་ནས་མཐོལ་ལོ་བཤགས་སོ། །

འདི་སྨྲས་དགེ་བ་ཡོད་ན། །
རིགས་མཐུན་གངས་གཞོན་ཕོ་མོའི། །
སྐྱོ་གདུངས་ཆ་ཤས་བསལ་ཏེ། །
སྤྲོ་བའི་རྒྱུ་རུ་སྨོན་ནོ། །
བཀྲ་ཤིས་འཇམ་དཔལ་ཡབ་ཡུམ། །
གངས་ཕྲུག་རྒྱུད་ལ་ཞུགས་ཏེ། །
ཕྱོགས་མེད་དགའ་བདེ་འབར་ནས། །
སྐྱིད་ལ་རོལ་བའི་བཀྲ་ཤིས། །

  ཤོ་ལོ་ཀ་བརྒྱ་དང་བཅོ་ལྔ་ཅན་གྱི་འཆལ་གཏམ་འདི་ནི་མཁར་བ་ཆོས་དགའ་རུ་འབོད་པས།   ༢༠༠༩ ༩ ༢༤ བོད་རབ་བྱུང་བཅུ་བདུན་པའི་ས་གླང་ལོའི་ཟླ་བརྒྱད་པའི་ཚེས་དྲུག་གི་ཕྱི་དྲོ་ཆུ་ཚོད་བཞི་པའི་ཐོག་འགོ་བརྩམས་ཏེ་བརྒྱད་པའི་ཐོག་མཇུག་གྲུབ་པར་བགྱིས་ནས་གངས་ཕྲུག་གཞོན་ནུ་ཕོ་མོ་རྣམས་ལ་སྤྱན་ཟུང་ཡུད་ཙམ་གཡོ་བའི་སྐྱེས་སུ་ཕུལ་བ་ལགས་སོ།། །།

 

·རྩོམ་ཡིག་གོང་མ:ཡུལ་སྐོར་སྣེ་ཤན་འཛིན་གྲྭ་ཞིག་ལ་ལབ་པའི་གཏམ།
·རྩོམ་ཡིག་འོག་མ:བོད་རྒྱུད་ནང་བསྟན་གྱི་ཐུན་མིན་ཁྱད་ཆོས་བཤད་པ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 6:45:23 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 9:20:41 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 13:53:34 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 48 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།29.91MS