ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལྗོངས་རྒྱུ།
 རྩོམ་ཡིག་ཀློག་པ།

ཤེས་རབ་གླིང་གི་གདན་སར་གྲྭ་སྐོར་ལ་བསྐྱོད་པ།

  རྩོམ་པ་པོ:འཇིགས་མེད་བློ་གྲོས།ཡོང་ཁུངས:ཨེ་མ་ཧོ།གཟིགས་གྲངས:8050ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/8/13 17:40:42ཚོགས་ཡར་སྤྲོད:admin
ཤེས་རབ་གླིང་གི་གདན་སར་གྲྭ་སྐོར་ལ་བསྐྱོད་པ།
 
འཇིགས་མེད་བློ་གྲོས།
 
སེང་གེ་དཀར་མོའི་སྡེར་མོ་འཁུམ་བྱེད་པའི། །
བཟོད་དགུ་གསུམ་འགྲིམ་པའི་གྲང་བའི་ངར། །
གཞོམ་བྱེད་གཏུམ་མོ་མེ་ཡི་རྣལ་འབྱོར་གྱི། །
རས་དཀར་འཆང་བའི་བརྒྱུད་པ་གང་དེར་འདུད། །
  འགོས་ལོ་གཞོན་ནུ་དཔལ་གྱིས། དཔལ་དྭགས་པོ་བཀའ་བརྒྱུད་ཅེས་གྲགས་པ་འདི་ནི་ཚིག་གི་བརྒྱུད་པ་མ་ཡིན་གྱི་དོན་གྱི་བརྒྱུད་པ་ཡིན་ལ། ཞེས་གསུངས་པ་ལྟར། རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པར་ཕྱི་ལུང་དང་རིགས་པའི་སྤྲོས་བཅས་ཀྱི་ཐབས་ཚུལ་ལ་བརྟེན་ནས་རྗེས་དཔག་གཉིས་སྣང་ཅན་གྱི་བློ་ཡིས་ཆོས་རྣམས་ཀྱི་གཉུག་མའི་དེ་ཉིད་གཏན་ལ་འབེབས་པའི་ཤིང་རྟའི་ལམ་སྲོལ་ཅིག་དང། ནང་སྒོམ་པ་ལས་བྱུང་བའི་སོར་རྟོག་ཡེ་ཤེས་ཀྱིས་མཚན་འཛིན་གྱི་སྤྲོས་པ་ནང་རོལ་ནས་བཅད་དེ་རང་བྱུང་གདོད་མའི་ཆོས་ཉིད་མངོན་དུ་བྱེད་པའི་ཤིང་རྟའི་ལམ་སྲོལ་གཉིས་ལས། དཔལ་དྭགས་པོ་བཀའ་བརྒྱུད་ཅེས་གྲགས་པ་ཐ་སྙད་ཚིག་གི་སྤྲོས་ཆོས་ལ་མ་བརྟེན་ནས་གཞི་མེད་སྒྲོ་འདོགས་ཀྱི་རྟོག་པ་ནང་རོལ་ནས་བཅད་དེ་སྙིང་པོའི་དེ་ཉིད་ལ་དམར་འཇུ་བྱེད་པའི་རིང་ལུགས་དེ་ནི་ཕྱི་མ་དེ་ཀའོ། །
  ཁོ་བོ་སྙིང་པོ་དོན་གྱི་བརྒྱུད་པའི་རིང་ལུགས་འདི་ཉིད་ཀྱི་བསྟན་ཞབས་སུ་སྐྱེས་ཤིང་གཞོན་ནུའི་དུས་ནས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་པའི་གསལ་བྱེད་དཔལ་དབྱར་རྔ་པ་ཆེན་པོ་བཅུ་གཉིས་པའི་མདུན་ནས་སྤྱི་གཙུག་གི་སྐྲའི་ལོ་མ་བཅད་དེ་རབ་བྱུང་གི་རྟགས་ཆ་ལུགས་ལེན་པའི་གོ་སྐབས་ཐོབ་པར་གྱུར་པ་དེ་ལྟ་ནའང། ཐོས་པ་ལྷུར་ལེན་གྱི་འདུན་པ་ཤུགས་དྲག་བཟློག་ཏུ་མེད་པ་ཅིག་གིས་བྱ་སྤུ་རླུང་གིས་བདས་པ་ལྟར་འཁྱེར་ཏེ། ༸སྐྱབས་མགོན་རྒྱལ་བའི་དབང་པོའི་ཕོ་བྲང་གི་ཉེ་འདབས་སུ་ཆགས་པའི་རིགས་ལམ་སློབ་གཉེར་ཁང་དུ་སླེབས་པར་གྱུར་ཏོ། །
  སློབ་གཉེར་ཁང་དེར་བགྲང་བྱ་བཅུ་གསུམ་ཙམ་གྱི་རིང་གཞོན་དུས་ཀྱི་སྒོ་གསུམ་ལང་ཚོའི་ནུས་ཤུགས་ཡོངས་རྫོགས་ཐོས་བསམ་སློབ་གཉེར་གྱི་བྱ་བའི་ཕྱོགས་སུ་ཟད་ནས་རྫོགས་ཤིང་། དྲིན་ཅན་བཤེས་གཉེན་བཅུ་ཕྲག་ལ་ཉེ་བའི་དྲུང་ནས་གཞུང་བཀའ་པོད་ལྔའི་ཟབ་དོན་ལ་ཕྱོགས་རེ་བ་དང་རགས་པ་རེའི་ཐོས་བསམ་ལ་བརྩོན་ཁུལ་བགྱིས་ཏེ་སྦྲང་བུའི་གཤོག་ཟུང་གི་སྲབ་མཐུག་ལྟ་བུའི་གོ་མྱོང་གི་བག་ཆགས་ཕྲན་བུ་རེ་ཡང་བཞག་ཁུལ་བྱས།
   འདི་ལོ་རིས་མེད་སློབ་དཔོན་གྱི་སློབ་ཚན་གྲས་དཔལ་མཉམ་མེད་བཀའ་བརྒྱུད་པའི་གཞུང་ལུགས་ལ་ཐོས་བསམ་གྱི་བག་ཆགས་འཇོག་ཕྱིར་ངེད་ཅག་འཛིན་གྲྭ་གཅིག་པའི་སློབ་གཉེར་བ་རྣམས་དྭགས་བརྒྱུད་བསྟན་པའི་གསལ་བྱེད་བྱམས་མགོན་ཀྭན་ཏིང་ཏཱ་ཡི་སི་ཏུ་སྐུ་ཕྲེང་བཅུ་གཉིས་པ་པདྨ་ཉིན་བྱེད་དབང་པོའི་གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་བཤད་གྲྭ་ལུང་རིགས་འཇམ་དཔལ་གླིང་དུ་ཆེད་བཅར་ཞུས། བཤད་གྲྭའི་མཁན་ལས་འདུས་མང་ཡོངས་ཀྱིས་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་བདག་རྐྱེན་ཕུན་སུམ་ཚོགས་པ་སྦྱོར་མུས་ལ་རྗེས་དྲན་ཡི་རང་བཅོས་མིན་ཞུ་བཞིན་ཡོད།
བཤད་གྲྭ་འདི་སྦིར་བོད་གཞིས་ནས་སྤྱི་ལེ་དྲུག་ཙམ་གྱི་སར་ཆགས་ཡོད་པ་དང་། ཁོ་ར་ཁོར་ཡུག་ཏུ་རང་བྱུང་གདོད་མའི་ནགས་ཚལ་གྱིས་ཡོངས་སུ་བསྐོར་བ་ལས་ཁ་ཐག་ཉེ་སར་འཇིག་རྟེན་པའི་དུད་ཁྱིམ་སོགས་མཐོང་ཡུལ་དུ་མེད་སྟབས་དགོན་པ་མཚན་ཉིད་པ་ཅིག་ཡིན་པའི་སྣང་བ་སྟེར།
  རྡ་ས་རིགས་སློབ་ལྟ་བུར་མཚོན་ན་གྲྭ་ཤག་གི་སྒོ་ཁ་བརྒལ་ཙམ་ནས་རྒྱལ་སྤྱིའི་མི་སྣ་རྒྱུ་འགྲུལ་བྱེད་པའི་ལམ་ཁར་སླེབས་ཤིང་། གྲྭ་ཤག་དང་འཛིན་ཁང་། ཚོགས་ཁང་གསུམ་དུ་མ་བསྡད་ཕྱིན་གང་དུ་སོང་ཡང་ཚོང་པ་དང་ཡུལ་སྐོར་བ། སྲིད་དོན་པ་དང་ཆོས་ལུགས་པ་སོགས་རྣམ་པ་སྣ་ཚོགས་ཀྱི་མི་དང་འཇིག་རྟེན་བྱ་དངོས་ཟང་ཟིང་གི་འདུ་འཛིས་ཁེངས་ནས་ཡོད། གྲྭ་ཤག་སོགས་སུ་གནས་པའི་སྐབས་ཀྱང་སྒོ་དང་སྒེའུ་ཁུང་གི་ཁུང་བུ་ཡོད་ཚད་ནས་ཕྱི་རོལ་གྱི་འུར་ཟིང་ཡོངས་རྫོགས་གསལ་པོར་གོ་བའི་གནས་སྐབས་ཡོད་སྟབས། ནང་སེམས་ཀྱི་རྒྱུ་བ་སྤང་ལ་སྦེ་ཕུར་བཏབས་པ་ལྟར་གཞུང་ལུགས་ཀྱི་དོན་ཐོག་ཏུ་སྡོད་པའི་གོ་སྐབས་ཤིག་ལས་དང་པོ་བའི་རིགས་ལ་ཡོང་ཐུབ་པ་ཤིན་ཏུ་དཀའ་བ་ཡིན། སྔོན་དུས་ཤིག་མཁས་དབང་ཟམ་གདོང་རིན་པོ་ཆེས་རིགས་སློབ་ཀྱི་རིས་མེད་སློབ་དཔོན་སློབ་ཐོན་གྱི་མཛད་སྒོ་ཞིག་གི་སྐབས་ཟིང་ཆ་ཆེ་བའི་ས་གནས་དེ་འདྲ་ཞིག་ནས་ལོ་ངོ་བཅུ་ཕྲག་བརྒལ་བ་རབ་བྱུང་གི་རྟེན་ལ་གནས་ཏེ་ནང་དོན་རིག་པའི་གཞུང་ལུགས་ལ་སློབ་གཉེར་བྱས་ནས་རིས་མེད་སློབ་དཔོན་ཐོན་ཐུབ་པ་བྱུང་བ་ནི་དངོས་གནས་ཡ་མཚན་དངོས་བྱུང་རང་རེད། ཅེས་གསུངས་པ་དོན་ལ་གནས།
  འདུ་འཛི་ཆེ་བའི་ཁོར་ཡུག་དེ་ནས་དབེན་པའི་ནགས་ཁྲོད་དུ་ཆགས་པའི་བཤད་སྒྲུབ་ཀྱི་བསྟི་གནས་འདི་འདྲ་ཞིག་ཏུ་འབྱོར་ཏེ་ལྷིང་འཇགས་རང་བྱུང་ཁོར་ཡུག་གི་མཛེས་པས་སྒོ་ལྔའི་དབང་པོར་དགའ་སྟོན་གྱི་དཔལ་བསྐྱེད་པར་བྱས་ཤིང་། སྤྲོས་བྲལ་དང་ཕྱག་ཆེན། གསལ་སྟོང་ཟུང་འཇུག་སོགས་སུ་བསྙད་པའི་བརྡ་དང་བརྡ་དོན་ཟབ་མོའི་བདུད་རྩིས་སྙིང་ལ་སིམ་པའི་བདེ་བ་དཔག་མེད་སྟེར་བའི་གོ་སྐབས་འདི་ལྟ་བུ་བྱམས་མགོན་ཀྭན་ཏིང་ཏཱ་ཡི་སི་ཏུ་མཆོག་གིས་དབུས་དཔལ་སྤུངས་གདན་སའི་མཁན་ལས་འདུས་མང་ཡོངས་ཀྱི་བླ་མེད་ཐུགས་འཁུར་དང་། རིགས་ལམ་སློབ་གཉེར་ཁང་གི་དཀྱེལ་ཡངས་གཟིགས་རྒྱང་ལས་བྱུང་བ་ལགས་ན་ངེད་རིགས་ལམ་སློབ་གཉེར་ཁང་གི་རིས་མེད་སློབ་དཔོན་འཛིན་གྲྭ་རྒན་པའི་སློབ་གཉེར་བ་ཡོངས་ནས་འདུས་སྡེ་གཉིས་ཆར་གྱི་བཀའ་དྲིན་དྲན་བཞིན་ཡི་རང་མངོན་བསྟོད་ཞུ་བཞིན་ཡོད།
དུས་ཐུང་ཟླ་བ་གསུམ་གྱི་རིང་དཔལ་མཉམ་མེད་བཀའ་བརྒྱུད་པའི་ལྟ་དགོངས་སྤྱོད་པའི་ལམ་སྲོལ་བཟང་པོ་ཡོངས་སུ་རྫོགས་པར་དཔྱིས་ཕྱིན་པའི་རྟོགས་པ་རྙེད་སྐབས་ཅི་ལ་སྲིད་ཀྱང་། བསྟན་པའི་གཞི་སྒྲོམ་རགས་རིམ་ཙམ་ལ་ཡིད་དཔྱོད་ཀྱི་གོ་བ་རྙེད་པའི་སྐལ་བཟང་ཞིག་བྱུང་ཡང་ཐར་པ་དམ་པའི་ས་བོན་གྲུང་པོར་བཅོས་མིན་ཡིད་ཆེས་ཀྱིས་སྡོམ་བརྩོན་མང་ཐོས་ཀྱི་དབང་པོ་མཁན་རིན་པོ་ཆེ་རྣམ་པའི་དྲུང་ནས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་གདམས་པ་སྟོན་པའི་གཞུང་ལུགས་ཐར་པ་རིན་པོ་ཆེའི་རྒྱན་དང་། འབྲུག་ཆེན་སྐུ་ཕྲེང་བཞི་པ་ཀུན་མཁྱེན་པུཎྜ་རི་ཀས་མཛད་པའི་དབུ་མའི་གཞུང་ལུགས་གསུམ་གསལ་བར་བྱེད་པ་ངེས་དོན་གྲུབ་པའི་ཤིང་རྟ། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བརྒྱད་པ་རྗེ་མི་བསྐྱོད་རྡོ་རྗེའི་ཞབས་ཀྱིས་མཛད་པའི་འཇུག་འགྲེལ་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་བཅས་ལ་ཉན་བསམ་གྱི་བྱ་བར་ཞུགས་སོ། །
དཔེ་ཁྲིད་ལ་ཞུགས་པའི་ཞོར་དུ་གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་བཤད་གྲྭ་ལུང་རིགས་འཇམ་དཔལ་གླིང་གི་ཆོས་གྲྭར་ལུང་རིགས་སྨྲ་བའི་སློབ་གཉེར་བ་རྣམ་པའི་མཉམ་ཐུན་མིན་ཟབ་དོན་ལྟ་བའི་བཞེད་མཚམས་སོགས་ཀྱི་ཐད་རྩོད་པའི་བརྡར་ཤ་གཅོད་པའི་བྱ་བར་ཞུགས་ཤིང་། སྔོན་དུས་ཐོས་འཛིན་གྱི་བུ་གར་མ་ཆུད་པའི་སྙིང་པོའི་དོན་ཟབ་སྟོན་པའི་ཆོས་ཀྱི་རྙེད་པ་ལེགས་པར་ཐོབ་པའི་མུར། ཁོང་ཅག་གི་ལུང་རིགས་རྣམ་པར་དཔྱོད་པའི་རྩོད་པའི་ཤུགས་དང་། རྟོགས་དཀའ་གཞུང་ལུགས་ཀྱི་སྙིང་པོ་ཕྱིར་ཕྱུངས་ལ་ངལ་མེད་རྟག་འགྲུས་ཀྱིས་དཔྱོད་པར་ཞུགས་པའི་དགའ་སྤོབས་ལ་ཤིན་ཏུ་ཡི་རང་ཞིང་མངོན་བསྟོད་གུས་བཀུར་བཅོས་མིན་ཞུས།
   སྤྱིར་རྒྱལ་བ་བཀའ་བརྒྱུད་པའི་ཕྱག་སྲོལ་ནི་གོང་དུ་སྨྲོས་ཟིན་ལྟར་རྒྱ་ཆེའི་གཞུང་ལུགས་རབ་འབྱམས་ལ་ཐོས་རྩོད་ཀྱི་སྤྲོས་པ་བཅད་དེ་ལམ་ཅིག་ཅར་བ་མི་རྟོག་ཁྱད་ཅན་སྐྱོང་བའི་གདམས་པར་བསྟེན་ནས་རང་མྱོང་བརྗོད་དུ་མེད་པའི་བདེ་ཆེན་གྱི་ཡེ་ཤེས་མངོན་དུ་བྱས་ཏེ་གདོད་མའི་རྒྱལ་སར་འཇུག་པ་ཉིད་ལམ་གྱི་སྲོག་དུ་འཛིན་པ་ཡིན་ཏེ། ཀུན་མཁྱེན་པུཎྜ་རི་ཀས། ཟས་གཙང་སྲས་ཀྱི་དག་བྱེད་རྫིང་བཟང་པོ། །ཚིག་གི་ཆང་ལ་སྲེད་པའི་གཉིས་འཐུང་གིས། །འདམ་དུ་བརྫིར་ཉེ་གྲུབ་རིགས་ངང་མོའི་སྡེ། །སྐྲག་པའི་དབུགས་འབྱིན་ལ་འོངས་ལྕགས་ཀྱུ་དང་། །ཞེས་སོགས་གསུངས། འོན་ཀྱང་ད་དུས་བློས་མི་འཆུན་པའི་སྣོད་བཅུད་ཀྱི་འགྱུར་བའི་རྐྱེན་ལས་གང་ཟག་སྒོས་བཙན་ལས་བསྟན་པ་སྤྱི་བཙན་དབང་བཙན་པར་བྱས་ཏེ་དཔལ་ན་ལེནྡྲ་ཡི་མཁས་པའི་ཚུལ་ལུགས་ལ་ཞུགས་ཏེ་གཞུང་ལུགས་རབ་འབྱམས་ལ་བློ་གྲོས་ཀྱི་སྣང་བ་རྒྱས་པར་བྱེད་པ་ནི་བསྔགས་བྱ་ཀུན་གྱིས་བསྔགས་པར་བྱ་བའི་གནད་ཅིག་པུར་གྱུར།
  དེ་ཡང་སྔོན་དུས་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་དང་མཁན་ཆེན་བཀྲ་ཤིས་འོད་ཟེར། ཀྭན་ཏིང་ཏཱ་ཡི་སི་ཏུ་སྐུ་ཕྲེང་བཅུ་གཅིག་པ་པདྨ་དབང་མཆོག་རྒྱལ་པོ་སོགས་ཀྱི་ལྷག་བློའི་བཞེད་དགོངས་ལས། གངས་ལྗོངས་གཙུག་ལག་སྨྲ་བའི་དབང་པོ་མཁན་ཆེན་གཞན་དགའ་ཆོས་ཀྱི་སྣང་བ་དཔལ་སྤུངས་སུ་གདན་འདྲེན་གྱིས་བཤད་གྲྭ་གསར་བཞེངས་ཀྱི་མཁན་ཁྲི་དང་པོར་ཕེབས་ཏེ་གཞུང་ལུགས་རྒྱ་ཆེར་འཆད་འཁྲིད་ཀྱི་བསྟན་པའི་སྒྲོན་མེ་གསར་དུ་སྦར་བའི་ཉེར་ལེན་བྱིན་རླབས་ཀྱི་ཤུགས་དང་། བྱམས་མགོན་ཀྭན་ཏིང་ཏཱ་ཡི་སི་ཏུ་སྐུ་ཕྲེང་བཅུ་གཉིས་པ་པདྨ་ཉིན་བྱེད་དབང་པོའི་ཞབས་ཀྱི་ཐུགས་བསྐྱེད་ལྷག་བློའི་བྱིན་མཐུ། གདན་ས་འདི་པའི་མཁན་ལས་འདུས་མང་ཡོངས་ཀྱི་བསྟན་པའི་ཞབས་འདེགས་ལ་བརྩོན་པའི་བླ་མེད་སེམས་བསྐྱེད་སོགས་ཀྱི་རྟེན་འབྲེལ་ལས་བཤད་གྲྭ་ལུང་རིགས་འཇམ་དཔལ་གླིང་གི་ཕྱི་ནང་ཆོས་ཀྱི་སྒྲིག་ལམ་དང་ཐོས་རྩོད་སློབ་གཉེར་ལ་བརྩོན་པའི་ཧུར་བསྐྱེད་སོགས་རྨད་བྱུང་ཆོས་ཀྱི་བྱ་བ་བཟང་པོར་དཔལ་མཉམ་མེད་བཀའ་བརྒྱུད་པའི་ཆོས་བརྒྱུད་གཞན་གྱིས་ཀྱང་སྤྱན་ལྟོས་ཀྱི་ཡུལ་དུ་བཟུང་སྟེ། རང་རང་གི་ལུགས་ལ་སྔར་ཡོད་ཀྱི་བཤད་གྲྭའི་སྤུས་ཀ་ཇེ་ལེགས་སུ་གཏོང་བ། དགག་པ་ཆུང་ཞིང་དགོས་པ་དོན་ལྡན་དང་བཅས་ན་སྔར་མེད་ཀྱི་བཤད་པའི་གྲྭ་ཚོགས་སྐྱོང་བ་སོགས་ཤཱཀྱའི་བསྟན་པ་རྒྱུན་ཇེ་རིང་དུ་བསྲིངས་པའི་རྣམ་དཀར་གྱི་བགྱི་བར་གཅིག་ཏུ་གཞོལ་དགོས་པའི་སྨོན་པ་དང་གསོལ་འདེབས་བསྟན་ལ་ཐུགས་འཁུར་ཆེ་ཞིང་འབྱོར་པའི་རྔམས་མཐོ་བའི་བླ་ཆེན་དང་མི་ཆེན་རྣམ་པར་ཞུ་བ་ལགས།
  གོང་དུ་སྨྲོས་པ་ལྟར་དུས་ཐུང་ཟླ་བ་གསུམ་གྱི་རིང་ལྟ་དགོངས་སྤྱོད་པའི་གནད་རྒྱ་མཚོའི་ཀློང་ལྟར་གཏིང་ཟབ་ཅིང་མཚོ་འགྲམ་གྱི་གད་པ་ལྟར་རྔམས་མཐོ་བར་གནས་པའི་ཆོས་བརྒྱུད་ཅིག་གི་ནང་རྒྱུས་ཡོངས་སུ་ལོན་པ་ཞིག་ཆོས་ཀྱི་སྤྱན་སྟོང་མངའ་བ་རྣམས་ཀྱིས་ཀྱང་མི་འགྲུབ་མོད། འོན་ཀྱང་བཤད་གྲྭ་དང་སློབ་གཉེར་ཁང་ཇི་འདྲ་ཞིག་ཡིན་ཡང་རང་ཁུངས་ཀྱི་སློབ་གཉེར་བ་རྣམ་པ་ཕྱོགས་ཕན་ཚུན་དུ་གཏོང་ལེན་གྱིས་རྒྱ་ཆེའི་གཞུང་ལུགས་ལ་ཐོས་པའི་བགོ་ཤ་འགྱེད་པའི་གོ་སྐབས་ཤིག་བྱུང་པ་ཡིན་ན་ཆོས་སྡེ་ཕན་ཚུན་གྱི་མཐུན་ལམ་དང་། སློབ་གཉེར་བ་སྒེར་སོ་སོའི་ཉམས་མྱོང་གོང་འཕེལ་སོགས་བསྟན་པ་སྤྱི་དོན་དང་གང་ཟག་སྒེར་དོན་ཏེ་དོན་གཉིས་འབད་མེད་དུ་འགྲུབ་པའི་གོ་སྐབས་ཤིག་ལམ་སྲོལ་འདིའི་ནང་བག་ཉལ་གྱི་ཚུལ་དུ་འདུག་པས། དཀྱེལ་ཡངས་ཀྱི་དགོངས་པ་མངའ་བའི་ལས་ཀྱི་སྣེ་མོར་གཏོགས་པ་ཚོས་ཕྱོགས་འདིར་དགོངས་བཞེད་ཡུན་ཙམ་གནང་རྒྱུའི་གསོལ་བ་འདེབས།
   རྩོམ་ཡིག་འདིའི་ཁ་བྱང་ལ་གྲྭ་སྐོར་ལ་བསྐྱོད་པ་ཞེས་བཀོད་པ་གཟིགས་དུས་མང་དག་ཅིག་གིས་སྔོན་གྱི་བྱུང་བའི་ནང་གི་མཁས་གྲུབ་དམ་པ་ཚོས་རིས་མེད་ཀྱི་ཆོས་སྡེ་ཆེན་པོ་དག་ཏུ་བསྐྱོད་དེ་གྲྭ་སྐོར་དམ་བཅའ་མཛད་སྲོལ་ཡོད་པ་ལྟ་བུ་ཞིག་ལ་དགོངས་སྲིད་ཀྱང་། ངེད་ཅག་གི་སློབ་གཉེར་ལ་བསྐྱོད་ལུགས་འདི་ནི་དེ་དག་གི་སྟོང་གི་ཆར་ཡང་མི་ཕོད་པ་རང་མྱོང་གིས་ཤེས་ནས་ཡོད་པ་དེ་ལྟ་ནའང་། དེ་དག་གི་ཕྱོགས་མཐུན་ཙམ་ལ་བསམས་ཏེ་མིང་དེ་ལྟར་བཏགས་པར་འགལ་བ་མེད་སྙམ་ལགས།
གོང་དུ་སྨྲོས་པའི་ནང་དོན་ཁག་ལ་མི་ཤེས་པའི་ཆ་དང་ཤེས་བཞིན་མ་ཡིན་པའི་རྫུན་གྱི་ཆ། འུད་སྒྲོག་གི་ཆ་ལ་སོགས་པ་སྲིད་ན་ཆོས་སྤྱན་མངའ་བ་དག་གིས་ལེགས་བཤད་ཀྱི་དཔལ་སྦྱིན་ཏེ་དག་ཐེར་མཛད་པར་ཞུ་ཞུ།
གཏམ་དང་སྒོར་མོའི་དོན་དུ་སྒོ་གསུམ་གྱི། །
ལང་ཚོའི་ནུས་པ་རྫོགས་པ་འགར་བསམ་ན། །
གཙུག་ལག་གཞུང་བརྒྱ་ཉན་པའི་ངལ་བ་ཡིས། །
ཚེ་ཕྱེད་ཟད་ལ་ཞེ་བློ་མི་བདེ་མེད། །
སྔ་འགྱུར་བཀའ་བརྒྱུད་ས་སྐྱ་དགེ་ལྡན་སོགས། །
ཐ་སྙད་ཚིག་གིས་ཐ་དད་བྱས་པ་ཡི། །
ཤཱཀྱའི་རྒྱལ་པོའི་ལུགས་འཛིན་འདི་དག་ལ། །
དད་པའི་བསམ་པ་འདི་ལ་རིང་ཐུང་མེད། །
འོན་ཏེ་སྤྲོས་བྲལ་གནམ་ལྕགས་འབར་བའི་མེ། །
ཡོད་མཐའི་སྟོང་པ་མཐར་ཐུག་བཞེད་པའི་མགོར། །
ལུང་རིགས་གློག་དམར་འཁྱུག་པས་གཡུག་པའི་ཚེ། །
ཀླད་ཆེན་སྲུང་ཕྱིར་གབ་ས་གང་དུ་བྱ། །
དེ་ལྟར་ལྟ་བའི་རི་བོ་རྔམས་མཐོ་བ། །
རྩེ་མོ་ཐ་དད་གཟིངས་པ་མང་མོད་ཀྱང་། །
བྱང་གྲོལ་ཉི་ཟླའི་མཛེས་པ་འདེགས་པ་ལ། །
མི་མཐུན་མེད་ཕྱིར་ཀུན་ལ་གུས་པས་བསྟེན། །
བསླུ་མེད་སྟོན་པ་མཆོག་དེའི་བསྟན་པ་ལ། །
ཉན་བསམ་ལས་བཟང་ཅུང་ཟད་བསྒྲུབས་པ་ཡི། །
རྣམ་དཀར་དེས་ཀྱང་སྐྱེ་བ་ཐམས་ཅད་དུ། །
རྒྱལ་བསྟན་འདེགས་པའི་དཔལ་དུ་འགྱུར་བར་ཤོག །
     འཇིགས་མེད་བློ་གྲོས་ཀྱིས། བོད་རྒྱལ་ལོ། ༢༡༣༩ བོད་ཟླ་ ༦ ཚེས་ ༡༦། སྤྱི་ལོ་ ༢༠༡༢ ཟླ་བ་ ༨ ཚེས་ ༣ ཉིན་དཔལ་སྤུངས་ཤེས་རབ་གླིང་གི་གདན་ས་ནས་བྲིས།
·རྩོམ་ཡིག་གོང་མ:བདེན་སྟོབས་ཉི་ཟླའི་གཟི་བྱིན།
·རྩོམ་ཡིག་འོག་མ:སྒོ་ཤེས་རབ་གླེང་བ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 11:23:03 [来自: 112.5.236.197]

 评论者:January
Such a deep anersw! GD&RVVF http://vpjaahzcrx.com [url=http://uxumbpcxfg.com]uxumbpcxfg[/url] [link=http://vvvzkymwowr.com]vvvzkymwowr[/link]
发表时间:2017/4/16 16:37:10 [来自: 5.188.211.170]

 评论者:Almena
At last! Someone with real <a href="http://dwjxeahxuw.com">exrpitese</a> gives us the answer. Thanks!
发表时间:2017/4/16 4:15:57 [来自: 46.161.14.99]

འབྲེལ་ཡོད་དཔྱད་བརྗོད 53 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།42.97MS