ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> ཚངས་དབྱངས་ཞིབ་འཇུག
 རྩོམ་ཡིག་ཀློག་པ།

རྒྱལ་བ་ཚངས་དབྱངས་རྒྱ་མཚོར་དཔྱད་པ།

  རྩོམ་པ་པོ:རྒྱལ་མོ་འབྲུག་པ།ཡོང་ཁུངས:བོད་རིག་པའི་དྲ་བ།གཟིགས་གྲངས:3325ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/3/4 19:41:04ཚོགས་ཡར་སྤྲོད:admin

༄༅།། རྒྱལ་བ་ཚངས་དབྱངས་རྒྱ་མཚོར་དཔྱད་པ།

རྩོམ་པ་པོ།   རྒྱལ་མོ་འབྲུག་པ།
 
ཚྃངས་པར་མི་སྤྱོད་ཅེས་པའི་བསྙད་གྲི་ཡིས། །
དབྱྃངས་ལྡན་རྒྱལ་སྲས་གཞོན་ནུའི་སྲོག་བསྐྲད་ཅིང་། །
རྒྱྃ་ཧོར་བོད་སྲིད་འཛིང་པའི་ཀླུང་དཀྱིལ་ནས། །
མཚོྃ་རླབས་ལས་དྲག་སྐྱོ་བའི་ཟློས་གར་བསྒྱུར།
   དེ་ཡང་སྤྱིར་རང་རེ་བོད་ཀྱི་གནའ་བོའི་ལོ་རྒྱུས་རྣམས་རྐྱེན་སྣ་ཚོགས་པའི་དབང་གིས་ཕལ་ཆེར་ལྐོག་གྱུར་གྱི་གནས་སུ་ལྷུང་བས་རྗེས་དཔག་ཚད་མའི་དཔྱད་གཞི་ལྟ་བུར་ཡོད་མོད། དེའང་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཆུ་བོའི་རྒྱུན་ལས་འདས་པའི་བྱུང་བ་གཅིག་རྗེས་གཅིག་གིས་བསྣན་པའི་གོ་རིམ་ཡུན་རིང་བ་སོགས་ཀྱི་གནད་ལ་ཐུག་པས། གནའ་རབས་ལོ་རྒྱུས་ཀྱི་ཚུལ་དངོས་ཡང་དག་ཅིག་བརྗོད་པར་འདོད་པ་ནི་ཤིན་ཏུ་དཀའ་བའི་གནས་སུ་སོང་འདུག་པ་དེ་འབྱོལ་ཐབས་མེད་པའི་རང་བཞིན་ཞིག་ཏུ་འགྱུར་སྲིད་ནའང་། ཉེ་སྐབས་ཤིག་གོ་ལ་ཉི་མའི་ཁྱོན་དུ་བརྒྱ་ཕྲག་གསུམ་ཙམ་འཁོར་མ་ཐག་པའི་གོང་རོལ་གྱི་བྱུང་བ་སྟེ། སྐབས་བབ་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་ལོ་རྒྱུས་ལྟ་བུ་ཡང་རང་འདོད་ལྟར་སྣང་གི་ཤུགས་ཀྱིས་དྲངས་ནས་བསམ་བཞིན་རྙོག་གླེང་སྒྱུ་མའི་ཞིང་ཁམས་སུ་བཅུག་པར་བརྟེན། ཚུལ་འདི་ཡང་མཚར་མཚར་བྱིས་པའི་མིག་འཕྲུལ་བཞིན་དུ་མང་ཕྱི་རབས་ལོ་རྒྱུས་སྨྲ་བ་རྣམས་མགོ་བོ་འཁྲུགས་པའི་རྒྱུར་གྱུར་པར་མ་ཟད། དེང་གི་ཕྱི་ནང་དཔྱོད་ལྡན་ཀུན་གྱི་དཔྱད་གཞི་གཙོ་བོ་ཞིག་ཏུ་སོང་གཤིས་མཁས་བླུན་གཉིས་ཀས་དཔྱད་རྩོམ་སྤེལ་བ་མང་ལ། ད་ལྟ་ང་ཚོའི་མཐོང་ཐོས་ཀྱི་ལམ་དུ་ཡོད་པའི་དྲུག་པ་ཆེན་པོའི་རྣམ་ཐར་ཞེས་པ་ནི་ལ་ལ་མེད་པ་ཡོད་པར་སྒྲུབ་པའི་སྒྲོྃ་འདོྃགས་ཀྱི་གསང་རྣམ་དང་། འགའ་ཞིག་ཡོད་པ་མེད་པར་འཆོས་པའི་སྐུྃར་འདེྃབས་ཀྱི་བཙོག་རྣམ་ཁོ་ནའི་སྣང་ཚུལ་མངོན་སུམ་དུ་གནས་པར་བརྟེན། རིག་བརྟུལ་བདག་འདྲ་བ་ནི་མགོ་བོ་མགལ་མེའི་འཁོར་ལོ་བཞིན་བློ་མཐའ་གཉིས་འཛིན་གྱི་ཐེྃ་ཚོམྃ་ཟབ་མོའི་དྲ་རྒྱར་ཚུད་དེ། རེ་ཞིག་བདེན་རྫུན་དབྱེ་འབྱེད་ཀྱི་རྙི་ལས་ཐར་བའི་ཐབས་ལམ་དང་བྲལ་བས་རྗེ་འདིའི་གཙང་རྣམ་ནི་མཐོང་བའི་སྐལ་བ་ཟད་དོ། །ལར་བླུན་པོ་སྨྲ་བ་ཉུང་ན་མཛེས་ཞེས་གསུངས་པ་བཞིན་བདག་ཉིད་ཆེན་པོ་འདི་ལྟ་བུའི་བྱུང་བ་ནི་ཕྲན་འདྲ་བློ་དམན་དག་གི་བརྗོད་སྐལ་དུ་འོས་པ་མིན་མོད་དེ། འོན་ཀྱང་འདིའི་ཐད་ཀྱི་རྙོག་གླེང་འགའ་ནི་ཐོས་པ་རྣ་བར་གཟོན་ཞིང་མཐོང་བ་མིག་ཏུ་འཛེར་བས་ཐད་འདིར་འཇུག་པའི་མཁས་དབང་དང་དཔྱོད་ལྡན་དག་ལ་བཀའ་ཞུ་དང་དོགས་སློང་གི་ཚུལ་དུ་རང་བློས་ཅི་ལྕོགས་ཀྱིས་སྤྲོས་པ་ཅུང་ཟད་སྤེལ་བར་འདོད་དོ། །
དང་པོ། སྐབས་དེའི་གནས་ཚུལ་མདོར་བསྡུས།
   དེ་ཡང་ཀུན་གྱིས་མཁྱེན་གསལ་ལྟར་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ནི་རྒྱལ་དབང་ལྔ་པ་ཆེན་པོའི་ཡང་སྤྲུལ་དུ་ངེས་ཤིང་། རྒྱལ་དབང་ལྔ་པ་སྐུ་འདས་རྗེས་བོད་ཀྱི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་དགོས་པ་དུ་མའི་དབང་གིས་ལྔ་པ་འདས་ཚུལ་གསང་རྒྱ་ལོ་འགའ་བྱས། དེའི་ནང་ཡང་སྲིད་དྲུག་པ་ཚངས་དབྱངས་རྒྱ་མཚོའང་གསང་སྟབས་གྱིས་ཐུགས་ཐག་བཅད་དེ་དགུང་ལོ་བཅོ་ལྔ་ཙམ་དུ་བཞུགས་རྗེས་ཕྱིས་སུ་གདན་སར་བཀོད་པ་ཡིན། དེས་ན་སྡེ་སྲིད་ཀྱིས་དེ་ལྟར་གསང་རྒྱ་བྱ་དགོས་དོན་སོགས་ནི་སྐབས་དེའི་གནས་ཚུལ་ལ་རག་ལས་པས། འདིར་སྔོན་ལ་སྐབས་དེའི་བོད་ཀྱི་སྲིད་དབང་གི་གནས་ཚུལ་མདོ་ཙམ་བརྗོད་ན། སྐབས་དེར་དགེ་ལུགས་པས་སོག་པོའི་དམག་དཔུང་ལ་བརྟེན་ནས་རང་ཉིད་ཀྱི་སྲིད་དབང་ཐོག་མར་བཙུགས་པ་དང་། རྒྱལ་དབང་ལྔ་པ་ཆེན་པོས་བཀའ་བརྒྱུད་ཕུད་པའི་གྲུབ་མཐའ་རིས་མེད་ངང་བསྐྱངས་ཤིང་། བོད་སོག་མི་རིགས་མཉམ་འབྲེལ་དུ་བར་སྐབས་ཤིག་རིང་རང་ཉིད་ཀྱི་དགོངས་དོན་ཡོངས་སུ་གྲུབ་པར་མ་ཟད། བོད་ཡུལ་ཡང་རེ་ཞིག་དུས་བདེ་ཞོད་འཇགས་ལྟ་བུའི་སྐལ་བ་བྱུང་བར་གྱུར་ལ། ཁྱད་པར་དུ་རྒྱལ་དབང་འཚོ་བཞུགས་སྐབས་ཁོང་གི་སྙན་གྲགས་ཀྱིས་ཆིན་གོང་མ་དང་མཇལ་འབྲེལ་བྱུང་བ་སོགས་ཆབ་སྲིད་ཐོག་རྒྱབ་རྟེན་བཅོལ་ཡུལ་ཡོད་པས་རང་ཉིད་ཀྱི་སྲིད་དབང་སྲ་བརྟན་དུ་གྱུར་པའི་རྣམ་པ་ཞིག་ཐོན་ཡོད་ནའང་། བཙུགས་མ་ཐག་པའི་སྲིད་གཞུང་དེ་སྤྱི་ཚོགས་ཐོག་གྲལ་རིམ་གཉིས་ཀྱི་འགལ་བ་དང་། ཆབ་སྲིད་ཐོག་དབང་སྒྱུར་མི་སྣ་ནང་ཁུལ་གྱི་འགལ་བ། དེ་བཞིན་ཆོས་ལུགས་གྲུབ་མཐའ་སྣ་ཚོགས་བར་དང་མི་རིགས་བར་གྱི་འགལ་བ། ས་གནས་སུ་ཡུལ་གཞིས་འཕྲོག་རྩོད་ཀྱི་འགལ་བ་བཅས་དང་རྙོག་འཛིང་དྲག་པོའི་ཀློང་ནས་སྐྱོ་བའི་ཟློས་གར་ཡ་མ་ཟུང་དུ་བསྒྱུར་བའི་གར་སྟེགས་ཀྱི་སྟེང་དུ་གནས་པས། ནམ་ཞིག་འབྱོལ་ཐབས་མེད་པའི་འགལ་བ་དེ་དག་རབ་ཏུ་བརྡོལ་བར་གྱུར་ནས་སྲིད་དབང་གསར་བར་ཉེན་ཁ་འབྱུང་བའི་རྒྱུའང་ཞར་ལ་གྲུབ་པར་གྱུར་ཏོ། །དེ་ནས་སྤྱི་ལོ་༡༦༥༤ལ་གུ་ཤྲི་ཧན་བོད་དུ་འདས་རྗེས་བུ་རྣམས་ཀྱིས་རྒྱལ་ས་བརྩད་ནས་ནང་མ་མཐུན་པ་ལ་ཀུན་གྱིས་བགྲོས་ཐོག་བུ་རྒན་པ་ཏཱ་ཡན་ཧན་ཁྲི་ལ་བཀོད།  སྤྱི་ལོ་༢༦༦༨ལ་དེ་གྲོངས་པས་དེའི་བུ་ཏཱ་ལའི་ཧན་རྒྱལ་སར་བཞག་ནས་བོད་ཀྱི་སྡེ་སྲིད་རིམ་བྱོན་དང་བཅས་སྲིད་དབང་སྐྱོང་མུས་སུ་དེ་ཡང་འདས་པས། སྤྱི་ལོ་༡༧༠༣ལ་ལྷ་བཟང་ཁྲི་ལ་འཁོད་དགོས་པ་བྱུང་། ཁོ་པ་ནི་ཆབ་སྲིད་ཐོག་ཧམ་སེམས་ཆེ་བ་ཞིག་ཡིན་ཕྱིར་རྒྱལ་པོ་སྔ་མ་རྣམས་བཞིན་སྡེ་སྲིད་སོགས་ལ་མི་བརྩི་བར་མ་ཟད། དེ་ལས་ལྡོག་སྟེ་སྡེ་སྲིད་སངས་རྒྱས་རྒྱ་མཚོར་ལྷག་པར་སྡང་བ་ཞིག་ཡིན། སྤྱི་ལོ་༡༦༨༢ལ་རྒྱལ་དབང་ལྔ་པ་ཆེན་པོ་སྐུ་འདས་པས། གལ་སྲིད་རྒྱལ་དབང་རིན་པོ་ཆེ་ལྟ་བུའི་མཚན་སྙན་དབང་ཤུགས་ཆེ་བའི་འཛེམ་ས་ཞིག་མེད་ཚེ་ནམ་ཞིག་སོག་པོས་བོད་སྲིད་ལ་ཐད་ཀར་ཐེ་གཏོགས་དང་ཐ་ན་སྲིད་ཀྱི་དབང་ཆ་ཡོངས་རྫོགས་འཕྲོག་རྒྱུའི་ཉེན་ཁ་དངོས་སུ་མཆིས་པས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བླ་མའི་ཞལ་ཆེམས་དང་གཙོ་བོ་སྐབས་དེའི་རྙོག་འཛིང་ཛ་དྲག་ཆེ་བའི་གནས་ཚུལ་འོག་ཏུ་གསང་རྒྱ་མི་མཛད་ཀ་མེད་བྱུང་སྟབས་རེ་ཞིག་རྒྱལ་དབང་འདས་པ་གསང་ནས་རང་ཉིད་ཀྱིས་སྲིད་འཕྲོ་བསྐྱངས་པ་ཡིན་ནོ། །
གཉིས་པ། སྐུ་འཁྲུངས་ཚུལ་གྱི་སྐོར།
   དེ་ལྟར་གོང་དུ་གླེང་བའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་ཚུལ་དེ་ལྟ་བུའི་རྙོག་འཛིང་གི་འོག་ཏུ་རྒྱལ་དབང་ལྔ་པ་ཆེན་པོ་དགོངས་པ་རྫོགས་པར་གྱུར་པས། གལ་སྲིད་དེའི་གནས་ཚུལ་ངོ་མ་ཡོངས་ལ་བསྒྲགས་ན། སྡེ་སྲིད་ཀྱིས་རྒྱལ་དབང་གི་མཚན་སྙན་ལ་བརྟེན་ནས་མུ་མཐུད་དུ་ཆིན་གོང་མའི་སྲིད་གཞུང་དང་འབྲེལ་བ་ཟབ་པོ་བྱས་ཏེ་གུ་ཤྲི་ཧན་གྱི་བུ་རྒྱུད་རྣམས་འགྲན་པའི་རྒྱབ་རྟེན་དང་ལག་ཆ་མེད་འགྲོ་བ་དང་གཅིག  སོག་པོའི་དཔུང་ལ་བརྟེན་ནས་བཙུགས་མ་ཐག་པའི་དགའ་ལྡན་ཕོ་བྲང་གི་སྲིད་དབང་འཇིག་ཉེན་ཡོང་བ་དང་གཉིས། རྒྱལ་དབང་མཆོག་ལ་སོག་པོའི་རུ་སྡེ་གཞན་དག་ཀྱང་དད་འདུན་ཆེ་བས་དེ་རྣམས་གྲོགས་སུ་བསྡུ་བར་མི་ཕན་པ་དང་གསུམ། སྐབས་དེར་མཐའི་ལ་དྭགས་བར་དང་དམག་འཁྲུག་བྱེད་བཞིན་པ་ཡིན་པས་དམག་མིའི་སེམས་ཤུགས་ལ་གནོད་པ་འབྱུང་སྲིད་པ་དང་བཞི། བོད་སོག་མཉམ་འབྲེལ་གྱིས་རྒྱ་དང་ས་གནས་ཡུལ་མཚམས་རྩོད་མུར་ཡོད་པ་དང་ལྔ། ཕོ་བྲང་ཆེན་པོ་པོ་ཏཱ་ལ་རྒྱས་བསྐྲུན་དང་གསེར་གདུང་ཆེན་མོ་གསར་བཞེངས་མ་གྲུབ་པ་དང་དྲུག་སྟེ། དགོས་པ་འདི་དག་གི་དབང་གིས་སྡེ་སྲིད་མཆོག་གིས་ལྔ་པ་ཆེན་པོ་དགོངས་པ་རྫོགས་པའི་གསང་རྒྱ་ཕྱི་ལ་མ་བསྒྲགས་པ་ཡིན་ལ། དེ་བཞིན་དུ་རྒྱལ་བའི་ཡང་སྲིད་ཀྱང་མངོན་སུམ་དུ་བཙལ་ཐབས་མེད་པས་གསང་རྒྱའི་ངང་མི་བྱེད་ཀ་མེད་བྱུང་བ་རེད། དེའི་ཚུལ་ནི་སྤྱིར་སྐབས་དེར་སོག་པོའི་སྦྱིན་བདག་གལ་ཆེན་འདྲའི་རིགས་ལ་དམིགས་བསལ་གྱིས་རྣམ་རྒྱལ་གྲྭ་ཚང་གི་སྡེ་པ་བཀྲས་རབ་པ་བྱ་བའི་གྲ་པ་ཞལ་ཁྱིམ་དང་དགུང་ཚོད་རྒྱལ་དབང་དང་འདྲ་བ་ཞིག་གིས་སྐུ་རྫུས་བྱས་ཏེ་ 【1】མཇལ་འཕྲད་གནང་གི་ཡོད་པར་བཤད་ལ། དེའི་བར་སྡེ་སྲིད་རིན་པོ་ཆེ་ནས་ཀྱང་གང་གིས་ཐུགས་བློས་འཁེལ་བའི་མི་སྣ་ཆོས་རྗེ་ཟིལ་གནོན་རྡོ་རྗེ་དང་། རྡོ་བ་བསོད་ནམས་རྒྱལ་མཚན་གཉིས་གཙོས་སྡིང་པོ་ཆེ་ངག་དབང་སྙན་གྲགས་དང་ཤར་ཁང་ནོ་མིན་ཧན་གྱི་སྐུ་སྐྱེ་རྩད་གཅོད་བྱེད་ཁུལ་གྱིས་རྒྱལ་དབང་ལྔ་པའི་ཡང་སྲིད་རྩད་གཅོད་ཞུ་བར་མངག་གཏོང་བྱས་པ་དང་། མཐར་རྟ་དབང་བླ་མ་དང་ཨ་ཡས་གདོང་བའི་བླ་མ་སངས་རྒྱས་དང་མཚོ་སྣ་རྫོང་སྡོད་རྒྱ་ཡག་པ་དང་པོ་ཤོད་གཉིས་བཅས་ནས་མོན་ན་སྤྲུལ་སྐུ་འཁྲུངས་ཚུལ་སྔ་རྗེས་སྙན་ཞུ་ཕུལ་འབྱོར་དང་། ཟིལ་གནོན་པ་ནས་མངོན་ཆུང་བརྟག་དཔྱད་ཀྱི་ངོས་འཛིན་ཡིད་ཆེས་གསལ་པོ་རྙེད་ཐོག་སྡེ་སྲིད་ཉིད་ནས་ཀྱང་བླ་ལྷར་ལུང་ཕུལ་དང་ཟན་བརྟག་རྩེ་མཐུན་བཟང་ཕེབས་བྱུང་བ་ལྟར། ཐོག་མར་སྡིང་པོ་ཆེའི་སྤྲུལ་སྐྲུར་ཐུགས་དོགས་ཡོད་ཚུལ་གྱིས་འཕྲལ་དུ་མཚོ་སྣར་ཡབ་ཡུམ་བཅས་གདན་དྲངས་ཏེ་གསང་རྒྱའི་ངང་བཞུགས་པས་མཉེལ་བའང་ཅུང་ཟད་བྱུང་སྐད། དེ་ནས་ཕྱིས་རིམ་བཞིན་ཞབས་འབྲིང་ཆེད་འཛུགས་དང་དྲུང་ཚོ་ནམ་མཁའ་ཆོས་ལྡན་བྱ་བ་ཀ་ཁ་ནས་ཞལ་འདོན་ཆོས་སྤྱོད་སོགས་སྒྲོན་པར་ཆེད་གཏོང་གནང་བ་བཅས་ཀྱི་སྐོར་གང་གི་རྣམ་ཐར་སྡེ་སྲིད་ཉིད་ཀྱིས་མཛད་པ་དུ་ཀཱུ་ལའི་ཁ་སྐོང་《རབ་གསལ་གསེར་གྱི་སྙེ་མ》 【2】ཞེས་པ་ལས་གསུངས་པ(སྲིད་དོན་རྒྱལ་རབས)སུ་བཀོད་ཡོད་པ་ལྟར། སྡེ་སྲིད་མཆོག་ནས་ཀྱང་དེ་མ་ཐག་གསང་རྒྱའི་ངང་ཡང་སྲིད་རྩད་གཅོད་བྱེད་པ་ཡིན་ངེས་ཀྱང་། དེང་གི་དཔྱོད་དགའ་ཕལ་ཆེར་གྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བོད་ཀྱི་སྲིད་དབང་འཕྲོག་ཕྱིར་ལྔ་པའི་ཡང་སྲིད་ཀྱང་རྩད་གཅོད་མི་བྱེད་པ་དང་། ཕྱིས་སུ་གོང་མའི་བཀའ་ཕེབས་སྐབས་གཞི་ནས་བྲེལ་ཚབས་ངང་མོན་ཡུལ་ནས་ངལ་རྩོལ་བྱེད་བཞིན་པའི་བྱིས་པ་ལོ་བཅོ་ལྔ་ཅན་ཞིག་གློ་བུར་དུ་ཁྲིད་དེ་པཎ་ཆེན་སྐུ་ཕྲེང་ལྔ་པའི་མདུན་ནས་རབ་བྱུང་སྒྲུབ་རྗེས་པོ་ཏ་ལའི་རྒྱལ་བའི་གསེར་ཁྲིར་བཀོད་པ་ཡིན་ཚུལ་དང་། གལ་སྲིད་གོང་མས་མ་ཤེས་ན་སྡེ་སྲིད་ཀྱིས་ད་དུང་ཡང་སྲིད་རྩད་གཅོད་མི་བྱེད་པ་ལྟ་བུ་སོགས་འུད་སྒྲོག་བྱེད་མུར། དེའི་སྟབས་ཀྱིས་ཚངས་དབྱངས་རྒྱ་མཚོས་མི་དམངས་ཀྱི་སྡུག་བསྔལ་དང་འཚོ་བ་ཤེས་པས། ཕྱིས་《མགུར་གླུ》བྱ་བ་དེ་དག་ཀྱང་བརྩམས་པ་ཡིན་ནོ། ། ཞེས་རང་མོས་ལྟར་སྣང་གི་བསམ་ཚུལ་གྱི་སྒྲུབ་བྱེད་སྔོན་ལ་བཀོད་དེ་ཡིན་ལུགས་སུ་ཡིད་ཆེས་བྱེད་བཞིན་གདའ་མོད། འོན་ཀྱང་དོན་དངོས་སུ་སྡེ་སྲིད་ཀྱིས་གོང་མའི་བཀའ་བབས་པས་ད་གཟོད་གློ་བུར་དུ་ཡང་སྲིད་བཙལ་བ་ཞིག་གཏན་ནས་མིན་ལ། ཡང་ལ་ལའི་འདོད་པ་ལྟར་བོད་ཀྱི་ཆོས་སྲིད་ཟུང་གི་མངའ་བདག་ཆེན་པོ་འདི་ལྟ་བུ་ནི་ར་ལུག་གི་རྫི་བོ་འཕོ་བ་བཞིན་བརྗེ་རེས་བྱེད་པ་ཞིག་ཀྱང་མིན་པ་གོང་དུ་སྡེ་སྲིད་ཀྱིས་ལྔ་པ་འདས་མ་ཐག་ཡང་སྲིད་གསང་རྒྱའི་ངང་རྒྱུན་ལྡན་གྱི་ལུགས་སྲོལ་ལྟར་གོ་རིམ་མམ་ཆོ་ག་ཕྱག་ལེན་དང་བཅས་པ་རིམ་པར་བརྒྱུད་ནས་དྲུག་པ་ཆེན་པོར་ཐུགས་ཐག་བཅད་པ་ལས་མཚོན་ཐུབ།
   དེ་ཡང་སྤྱིར་རྒྱལ་དབང་དྲུག་པ་ཆེན་པོའི་རྣམ་ཐར་ལ་མཁས་པ་ཚོར་བཞེད་པ་སྣ་ཚོགས་ཤིག་ཡོད་པ་ལས་གཙོ་བོ་ནི་འདས་ལོའི་ཐད་ཡོངས་ཁྱབ་ཀྱི་ཤོད་རྒྱུན་དང་གསང་རྣམ་དུ་བཀོད་པ་གཉིས་ཐ་དད་དུ་བྱུང་ནའང་། སྐུ་འཁྲུངས་ཚུལ་གྱི་ཐད་ལ་ལོ་རྒྱུས་ཕལ་ཆེར་ཞལ་མཚུངས་པར་སྣང་སྟེ། དེ་ནི་ཡོངས་གྲགས་ལྟར་བདག་ཉིད་ཆེན་པོ་འདི་པ་ལྷོ་ཁུལ་མོན་ལ་འོག་ཡུལ་གསུམ་བྱ་བའི་སར། ཡབ་བཀྲ་ཤིས་བསྟན་འཛིན་དང་ཡུམ་ཚེ་དབང་ལྷ་མོ་བྱ་བ་གཉིས་ཀྱི་སྲས་སུ་རྒྱལ་དབང་ལྔ་པ་འདས་པའི་ཕྱི་ལོ་བོད་རབ་བྱུང་བཅུ་གཅིག་པའི་ཆུ་ཕག་སྟེ་སྤྱི་ལོ་༡༦༨༣ལ་སྐུ་བལྟམས་པ་ཡིན་ཞིང་། དེའང་གསང་རྣམ་དང་ལོ་རྒྱུས་གཞན་པ་འགའ་རེར་རྗེ་འདིའི་ཡབ་ཡུམ་གྱི་མཚན་འགོར་སྔགས་རྒྱུད་དང་རྒྱལ་རིགས་ཞེས་བཀོད་ཡོད་པ་དང་།  ཡང་རྒྱ་ཡིག་གི་དཔྱད་རྩོམ་ལ་ལར་རྗེ་འདི་པ་ཁྱིམ་ཚང་དབུལ་པོ་ཞིག་ཏུ་འཁྲུངས་ཚུལ་སོགས་འཁོད་པ་ཅི་རིགས་མཐོང་ཡང་གང་ལྟར་རྒྱལ་རིགས་སམ་དབུལ་པོ་ཡིན་མིན་གྱི་དོགས་པ་དེ་གནད་དོན་གཙོ་བོ་མིན་པས་རེ་ཞིག་བཏང་སྙོམས་སུ་འཇོག་པར་བྱ། ཡང་བོད་ཀྱི་ཡིག་ཚང་དུ་རྗེ་འདི་པ་སྔགས་རྒྱུད་དུ་འཁྲུངས་པར་བཤད་པ་ལ་བརྟེན་ནས་རྒྱ་ཡིག་གི་དེང་རྩོམ་རྣམས་སུ་རྒྱལ་བ་དྲུག་པ་འཁྲུངས་ས་རྙིང་མ་པ་ཡིན་ནོ་ཞེས་འུད་སྒྲོག་བྱེད་བཞིན་ཡོད་མོད། འོན་ཀྱང་དེ་ནི་ནང་པའི་ནང་གསེས་ཀྱི་གྲུབ་མཐའི་དད་ཕྱོགས་ཙམ་མ་གཏོགས་རྙིང་མ་ཡིན་ཕྱིན་དགེ་ལུགས་པའི་སྤྲུལ་སྐུ་མི་འོས་པའི་གནས་མེད་པར་མ་ཟད། སྔགས་རྒྱུད་གྱི་ཁྱིམ་དུ་འཁྲུངས་པ་ཚང་མ་རྙིང་མ་ལ་དད་པའི་ངེས་པ་དེ་བས་ཀྱང་མེད་ལ། སྤྱིར་ནང་པའི་ཡ་གྱལ་གྱི་གྲུབ་མཐའ་ཙམ་མ་ཟད། ཐ་ན་བོན་པོའི་ཁྱིམ་ནས་འཁྲུངས་པའི་སྐྱེས་ཆེན་དམ་པའང་ས་དགེ་ཀར་རྙིང་གི་བསྟན་པའི་མངའ་བདག་ཏུ་གྱུར་པ་བོད་ཡུལ་ན་མེད་པ་མིན། རྒྱལ་དབང་གཉིས་པ་དགེ་འདུན་རྒྱ་མཚོ་ཡང་སྔགས་རྒྱུད་དུ་འཁྲུངས་པས་མི་ཚད་ཆུང་དུས་རྙིང་ཆོས་ཀྱང་གསན་མྱོང་བ་ལྟ་བུས་མཚོན། མཁས་དབང་གྲུབ་མཐའི་བདག་པོ་རྣམས་ཀྱིས་རང་གཞན་གྱི་ལུགས་དང་། མདོ་སྔགས་ཐམས་ཅད་ལ་ཕྱོགས་རིས་མེད་པར་སྦྱངས་པ་ནི་རང་ཅག་གངས་ཅན་པའི་བསྟན་འཛིན་གྱི་སྐྱེ་བོ་རྣམས་ཀྱི་མཆོག་ཏུ་གྱུར་པའི་ཁྱད་ཆོས་ཡིན་པས་རྙིང་མའི་རྒྱུད་ལས་རྙིང་མ་དང་ལྐུགས་པའི་རྒྱུད་ལས་ལྐུགས་པ་སྐྱེ་བའི་གུ་དོག་གི་ཐེ་ཚོམ་དེ་སྤོང་བར་རིགས་སོ། །
   ཡང་རྗེ་འདི་པ་འཁྲུངས་ཡུལ་མོན་པ་ཡིན་པའི་ཆ་ནས་ཕྱིས་ཀྱི་རྒྱ་རིགས་མཁས་པ་མང་པོས་ཚངས་དབྱངས་རྒྱ་མཚོ་ནི་མོན་པའི་རིགས་སོ་ཞེས་རང་གིས་ཡ་མཚན་གྱི་གསང་བ་ཞིག་བརྟོལ་བའི་ཚུལ་གྱིས་ཆེས་ཆེར་སྒྲོག་བཞིན་མཆིས་མོད། འོན་ཀྱང་ཁྱེད་ཅག་གིས་བསམ་བློ་ཅུང་ཟད་ཅིག་ཐོངས་དང་། གསང་བ་དེ་ནི་ཁྱེད་ཅག་གིས་བརྟོལ་བ་ཞིག་ག་ལ་ཡིན་ཏེ། སྤྱིར་བོད་ཀྱི་ལོ་རྒྱུས་རྣམས་སུ་སྔ་མོ་ནས་མོན་པ་དང་གློ་པ། ཤར་པ། ཡང་ན་ཁམས་པ་དང་རོང་པ་ལྟ་བུ་སོགས་མིང་མང་པོ་ཞིག་ཡུལ་ཕྱོགས་དང་ཁྱད་ཆོས་ཀྱི་ཆ་ནས་བཏགས་པ་ཡིན་པ་ལས། མི་རིགས་གཞན་པ་ཞིག་ཏུ་སྔོན་ཆད་མཁས་པ་སུས་ཀྱང་བཀར་ཡོད་པ་མ་ཐོས་ཤིང་དགར་ཡང་མི་སྲིད་ལ་དགར་བའི་རྒྱུ་མཚན་བཀོད་པ་དེ་བས་ཀྱང་མ་མཐོང་། འོ་ན་ད་ལྟ་མོན་པའི་ཐ་སྙད་ཀྱི་རྗེས་སུ་རིགས་སྦྱར་དགོས་དོན་གང་ཡིན་ཞེ་ན། དེ་ནི་དུས་ཕྱིས་རྒྱལ་ཁབ་དབུ་བརྙེས་རྗེས་མི་རིགས་སྲིད་ཇུས་ལྟར་བརྟག་དཔྱད་དང་དགོས་པ་གཞན་དབང་གིས་སྤྱི་ལོ་༡༩༥༧ལ་བོད་རིགས་ལས་ཐ་དད་དུ་ཕྱེ་སྟེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མོན་པ་རིགས་སུ་ཆོག་མཆན་བཀོད་པ་གཞིར་བཟུང་། མི་རིགས་ཤིག་ཏུ་ལོགས་སུ་གྲུབ་སྟེ་སོ་སོར་འབོད་པ་མ་གཏོགས་དེའི་སྔོན་ལ་མོན་པའི་མཐར་རིགས་ཞེས་པ་མཚན་ཉིད་བཞི་ལྡན་གྱི་ཐ་སྙད་མི་སྦྱོར་བ་ཤེས་པར་གྱིས་ཤིག ཡང་གལ་སྲིད་ངོ་མར་མི་རིགས་ཐ་དད་གཅིག་ཡིན་ནའང་དེ་རྒྱལ་བའི་ཡང་སྲིད་བྱེད་མི་འོས་པའི་ངེས་པ་མེད་དེ། རྒྱལ་དབང་བཞི་པ་ཡང་སོག་པོའི་རིགས་སུ་འཁྲུངས་པ་ཡིན་པ་ཤེས་དགོས། དེང་གི་བློ་གསལ་ལ་ལས་ཐད་འདིར་དགག་བཞག་མང་པོ་སྤྲས་འདུག་ཀྱང་དེ་རྒྱུ་མཚན་གང་ལ་ཐུག་པ་དེ་ཤེས་ཚེ་ད་གཟོད་དགག་རིན་མེད་པ་ཤེས་སླ་སྙམ་པས། གོང་གི་རྒྱུ་མཚན་དེ་གཉིས་ཀྱིས་རྒྱལ་དབང་དྲུག་པ་ཆེན་པོ་ཡིན་གཅིག་མིན་གཉིས་མི་རིགས་ཐ་དད་དང་ཆོས་ལུགས་སོ་སོར་བྱས་ཏེ་དཔྱད་པར་བྲེལ་བ་ནི་རང་བློའི་ངན་མཚང་མངོན་དུ་ཕྱོགས་པ་ཙམ་ལས་དོན་ལྡན་གྱི་སྙིང་པོས་དབེན་པ་མཁྱེན་པར་རིགས་སོ། །
གསུམ་པ། སྡོམ་པ་བཞེས་ནས་གདན་སར་བཀོད་ཚུལ་གྱི་སྐོར།
    དེ་ལྟར་སྨྲས་མ་ཐག་པ་བཞིན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱལ་དབང་ལྔ་པ་ཆེན་མོའི་ཡང་སྲིད་མོན་ཡུལ་ནས་བཙལ་ཏེ་ཐོག་མར་མཚོ་སྣ་ལ་གདན་དྲངས་ནས་ཡི་གེ་དང་འདོན་ཆ། ཆོས་སྤྱོད་སོགས་སློབ་པར་བཅུག་སྟེ་བཞུགས་ཤིང་། སྤྱི་ལོ་༡༦༩༧ལོའི་ཟླ་བཞི་པར་གསང་སྟབས་ངང་ཕེབས་ཏེ་ཡར་འབྲོག་སྣ་དཀར་རྩེར་བཞུགས་པ་དང་། མི་འགྱངས་པར་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ཀྱི་མདུན་ནས་རབ་བྱུང་གི་སྡོམ་པ་བཞེས་ཏེ་མཚན་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་ཞེས་གསོལ། མགྲོན་གཉེར་དང་དྲུང་ཡིག་གསོལ་དཔོན་བཅས་བསྐོ་བཞག་གིས་ཟླ་དགུ་པར་སྙེ་ཐང་ལ་གདན་དྲངས་ནས་གསང་རྒྱ་ཡོངས་སུ་བསྒྲགས་ཤིང་། དེ་ནས་ལྷ་སར་ཕེབས་ཏེ་ཟླ་བཅུ་པའི་ཆེས་ཉེར་ལྔའི་ཉིན་མཛད་སྒོ་སོགས་གཟབ་རྒྱས་ངང་ཕོ་བྲང་ཆེན་པོ་པོ་ཏ་ལའི་གསེར་ཁྲི་ལ་མངའ་གསོལ་བ་དང་། དེར་པཎ་ཆེན་རིན་པོ་ཆེ་དང་སྡེ་སྲིད་རང་ཉིད་ཀྱིས་གཙོས་བླ་སློབ་སྦྲགས་མར་བསྟེན་ནས་བཀའ་ཆོས་གསན་པའི་ཁུར་བཞེས་པ་དང་། སྔ་གཞུག་ཏུ་ཚུལ་ཁྲིམས་དར་རྒྱས་དང་དགེ་ལེགས་རྒྱ་མཚོ་སོགས་ཡོངས་འཛིན་དུ་མར་བསྟེན་ནས་《རྩ་བ་སྔགས་ཀྱི་རྒྱུད》དང་《བྱང་ཆུབ་ལམ་རིམ》སོགས་མདོ་སྔགས་ཀྱི་ཆོས་དང་དབང་ལུང་མན་ངག་བཅས་གསན་པ་མ་ཟད། རིག་གནས་དང་མཚན་ཉིད་སོགས་ཀྱང་སྦྱངས་ཏེ་འབྲས་སྤུངས་གྲྭ་ཚང་བཞི་དང་གཞན་པའི་ཆོས་ཐོག་ལའང་ཕེབས་པར་མཛད། ལྗགས་རྩོམ་ཀྱང་《རྟ་མགྲིན་སྒྲུབ་ཐབས》དང་《སེ་རའི་རྟ་མགྲིན་མཆོད་པའི་དྲིས་ལན》སོགས་མཛད་པས་མཚོན། རྗེ་འདིས་ཀྱང་ཆོས་སྲིད་ཀྱི་མངའ་ཐང་མཐར་སྐྱོང་བའི་འཕྲིན་ལས་ལེགས་པར་སྤེལ་བའི་དབུ་བརྩམས་པར་མཛད་པ་ནི་ཚངས་དབྱངས་རྒྱ་མཚོ་མཆོག་གི་རྣམ་ཐར་གཙང་མར་ངེས་ཤིང་ཤེས་དགོས་པ་ལགས་སོ། །
ཚངས་དབྱངས་རྒྱ་མཚོ་ནི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་ཚུལ་དེ་འདྲ་ཞིག་གི་འོག་ཏུ་ཆོས་སྲིད་ཀྱི་ཁྲི་འཕང་མཐོན་པོར་བཞུགས་པ་ཞིག་ཡིན་པ་དང་། སྐབས་དེར་ཆབ་སྲིད་ཀྱི་འཐབ་རྩོད་ནི་སྔར་ལས་རྙོག་འཛིང་དང་ཛ་དྲག་ཏུ་སོང་ཡོད་པ་མ་ཟད། བོད་ཀྱི་སྲིད་དབང་སྡེ་སྲིད་དང་སོག་པོའི་ལག་ཏུ་གཅིག་བརླག་གཅིག་འཕྲོག་གི་ཉེན་ཁའི་གནས་སུ་གྱར་ནས། རྒྱལ་དབང་ལྔ་པའི་ཡང་སྲིད་ཆེན་པོ་ཚངས་དབྱངས་རྒྱ་མཚོ་ནི་བར་སྐབས་ཤིག་རིང་མིང་སྟོང་ཙམ་དང་། ཁྱད་པར་དུ་ཁོང་ཆོས་ཕྱོགས་ཁོ་ནར་བསམས་པས་བོད་ཀྱི་སྲིད་དབང་གི་ཁ་ལོ་བསྒྱུར་མི་ཐུབ་པ་མ་ཟད། སྡེ་སྲིད་རིན་པོ་ཆེའི་སྤྱོད་ཚུལ་དང་མཛད་པ་ལ་ལར་གཞན་གྱིས་ལོག་མཐོང་བྱེད་ཐོག་ཁོང་ལ་ཡང་ངན་སྨྲས་བྱེད་མི་ཡོད་པ་དང་། སྡེ་སྲིད་དང་ལྷ་བཟང་བར་གྱི་འགལ་ཟླ་ཇེ་ཆེར་སོང་བ་བཅས་རྒྱུ་རྐྱེན་སྣ་ཚོགས་ཀྱི་འོག་ཏུ་སྲིད་མཐར་སྐྱོང་ཚེ་ནམ་ཞིག་ཐ་ན་རང་ཉིད་ཀྱང་ཕ་རོལ་པོའི་ལག་ནས་ཐར་དཀའ་པའི་གནས་ཚུལ་ཚང་མ་མཁྱེན་རྒྱ་ཡངས་པས་མངོན་པར་གཟིགས་ཀྱང་། རེ་ཞིག་སྡེ་སྲིད་སྐུ་དབང་བཙན་དྲགས་པས་རང་ཉིད་ཆོས་ཕྱོགས་ཁོ་ན་ལས་སྲིད་དབང་འཛིན་པའི་གོ་སྐབས་ཆེར་མི་འབྱུང་ཐོག  ཆོས་སྤྱོད་རྐྱང་རྐྱང་ལ་ཐུགས་འཚིག་པ་ལྟ་བུས་སློབ་གཉེར་ཀྱང་སྒྱིད་ལུགས་མཛད་ 【3】པར་མ་ཟད། མཐར་རང་ཉིད་དགུང་ལོ་ཉི་ཤུའི་ཐོག་གཙང་ལ་པཎ་ཆེན་རིན་པོ་ཆེའི་མདུན་སར་བསྙེན་རྫོགས་སྒྲུབ་པར་ཕེབས་སྐབས་སུ་སྔར་གྱི་སྡོམ་པ་ནས་ཀྱང་ཕྱིར་འབུལ་མཛད་དེ་ན་བཟའ་དཀར་པོ་གྱོན་པ་ 【4】སོགས་ཀྱི་གནས་ཚུལ་དེ་བྱུང་བ་ཡིན་འདུག་ནའང་། དེང་བློ་མཐུན་ལ་ལས་ཚངས་དབྱངས་རྒྱ་མཚོ་ནི་ཆུང་དུས་ནས་ངལ་རྩོལ་བྱེད་པ་དང་རྣམ་གཡེང་གི་འཚོ་བ་གོམས་པའི་དབང་གིས་གློ་བུར་དུ་ཆོས་ཁྲིམས་ཀྱི་བཙོན་རར་བཅུག་པ་བློས་མ་ཐེག་སྟེ། མཐར་བདེན་སྤྱོད་དེ་དག་བྱུང་བ་ལ་གཟེངས་བསྟོད་གནང་མུར། ཚངས་དབྱངས་རྒྱ་མཚོ་ནི་ཆོས་ལུགས་ལ་རྒྱབ་འགལ་དང་སྤྱི་ཚོགས་ལ་ངོ་རྒོལ་བྱེད་པའི་དཔའ་སྤྲུལ་ཞིག་རེད་ཅེས་འུད་ཀྱིས་སྒྲོག་བཞིན་གདའ། འོན་ཀྱང་ཚུལ་དངོས་གོང་དུ་སྨྲས་མ་ཐག་པ་བཞིན་ཆུང་དུས་ནས་མཚོ་སྣར་གདན་དྲངས་ཏེ་རྣམ་གཡེང་ཙམ་ལྟ་ཅི་ཐོག་མར་ཡབ་ཡུམ་བཅས་བཟང་བཙོན་ལྟ་བུར་བཞུགས་པས་སྐུ་མཉེལ་ཀྱང་བྱུང་བ་དང་། དེ་དུས་ནས་ཡི་གེ་དང་ཞལ་འདོན་སོགས་ཆེད་མི་མངགས་ཏེ་བསླབས་པ་དང་། ཕྱིས་ཀྱང་སློབ་གཉེར་ཙམ་མ་ཟད་བཀའ་ཆོས་ཡང་མང་པོ་གསན་ནས་ལྗགས་རྩོམ་ལ་སོགས་པ་མཛད་ཡོད་ཚུལ་བཅས་རྣམ་ཐར་གཙང་མ་རྣམས་སུ་གསལ་བ་ལྟར་ཡིན་པས། ཕྱོགས་གཅིག་ན་རྗེ་འདི་པ་སློབ་གཉེར་མི་འདོད་པར་ལོ་ངོ་བཅོ་ལྔའི་བར་དུ་ངལ་རྩོལ་བྱས་ནས་བཞུགས་ཚུལ་དང་། ཕྱོགས་གཞན་ཞིག་ན་ཁོང་ནི་བོད་ཀྱི་སྙན་ངག་པ་ཆེན་པོ་དང་ཁོང་གི་མགུར་ནི་འཛམ་གླིང་ནའང་མཐོང་དཀའ་འོ་ཞེས་གོང་འོག་འགལ་ཟླར་སོང་བའི་བཤད་ཚུལ་དེ་རིགས་ནི་དངོས་དོན་དང་མི་མཚུངས་པ་ཞིག་ཡིན།
   ང་ཚོས་ཚངས་དབྱངས་རྒྱ་མཚོ་ནི་བོད་གྱི་ཆོས་སྲིད་གང་ཅིའི་ཐད་ལ་སྤྱན་རྒྱ་ཡངས་ཐོག་ཐུགས་དགོངས་ཟབ་པ་དང་སྒོས་སུ་བོད་ཀྱི་ཆབ་སྲིད་ལ་བཞེད་བློ་ཐུན་མོང་མ་ཡིན་པ་ཞིག་ཡོད་པར་ངེས་ཏེ། གང་ཡིན་ཞེ་ན། སྐབས་དེར་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཁོ་ན་བསྐྱངས་པ་དང་དེའང་ཆོས་ཕྱོགས་གཙོ་བོ་བྱས་པས་ཆབ་སྲིད་ཉམས་དམའ་བར་གྱུར་ཅིང་། ཁྱད་པར་དུ་བོད་ཀྱི་སྲིད་དབང་སོག་པོས་འཕྲོག་རྒྱུའི་ཉེན་ཁར་ཐུགས་བློས་མ་བཟོད་པར་རང་ཉིད་ཀྱིས་གཙོས་སྲིད་དབང་གསར་པ་ཞིག་འཛུགས་རྒྱུའི་ཐབས་ཇུས་དང་། རང་ཉིད་ཀྱིས་དངོས་སུ་ཆབ་སྲིད་ཡོངས་རྫོགས་ཐད་ཀར་བཟུང་སྟེ་བོད་ཁམས་ཀུན་ལ་དབང་ལེགས་པར་བསྒྱུར་བའི་དགོངས་འཆར་ཡོད་སྲིད་དེ། སུམ་པ་མཁན་ཆེན་གྱི་《མཚོ་སྔོན་ལོ་རྒྱུས》ལས་ཆུ་རྟ་ལོར་ཚངས་དབྱངས་རྒྱ་མཚོས་བསྟན་པའི་མངའ་བདག་པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་ལ་འདུལ་སྡོམ་ཕུལ་ཏེ(མ་བཞེས)མི་དབང་གི་ཚུལ་བཟུང་། ཞེས་པ་ལས་ཀྱང་མཚོན་ནུས། དེས་མ་ཚད་ཁོང་གིས་དེ་ལྟར་མཛད་སྐབསསྐབས་དེའི་དུས་ཞབས་འབྲིང་གྲས་ནས་དེ་མོ་སྤྲུལ་སྐུ་ནམ་མཁའ་འཇམ་དབྱངས་སོགས་ཁ་ཤས་ནས་ཀྱང་བསླབ་པ་ཕུལ་ཡོད་པ་ 【5】ཞེས་པ་ལྟ་བུའི་གནས་ཚུལ་བྱུང་བ་ནི་རང་དགར་གྱིས་ཆོས་ལུགས་ལ་དད་ལོག་བྱེད་པའི་གྱེན་བཟློག་པ་འགའ་ཞིག་ག་ལ་ཡིན་སྲིད། དེ་ནི་རྒྱལ་དབང་ཁོང་དང་མཉམ་འབྲེལ་གྱིས་རང་ཉིད་ཕྱོགས་གཏོགས་གྱི་སྟོབས་ཤུགས་ཆེ་རུ་གཏོང་བའི་ཐབས་ལམ་དམ་པ་རེད་སྙམ། གཞན་ཡང་དམངས་ཁྲོད་དུའང་རྒྱལ་དབང་དྲུག་པས་རིག་མ་ཞིག་བཞེས་པས་སྲས་ཤིག་འཁྲུངས་པ་ལ་སྐུ་དྲག་རྣམས་ཀྱིས་རྒྱལ་དབང་གི་གོ་གནས་རྒྱུད་འཛིན་ཅན་དུ་འགྱུར་དོགས་ནས། དེ་ཉིད་བཀྲོངས་ཚུལ་སོགས་ཀྱི་ངག་རྒྱུན་དེ་དག་ཀྱང་བདེན་གཏམ་ཞིག་མིན་རུང་སྐབས་དེའི་གནས་ཚུལ་གྱི་ཕྱོགས་གཅིག་མཚོན་པའི་རྟགས་མཚན་རེད་སྙམ། དེ་བཞིན་ཁོང་ཚོའི་མཛད་པ་དང་ཐབས་ཇུས་དེས་སྐབས་དེའི་མཐོ་རིམ་ཆོས་ལུགས་མི་སྣ་དང་ལྷག་པར་དུ་རྒྱལ་པོའི་ཚུལ་འཛིན་ལྷ་བཟང་ཕྱོགས་ནས་མ་བཟོད་དེ། གཅིག་ན་སྡེ་སྲིད་བརླག་རྒྱུ་དང་གཉིས་སུ་རྒྱལ་དབང་འདི་ཡང་ཁོ་ལ་མི་ཕན་པ་སོགས་མཐོང་བས་བརྔན་མི་མངགས་ཏེ་རྒྱལ་དབང་བཀྲོངས་རྩིས་བྱེད་སྐབས་སུ་ཁོང་གིས་གཡོག་པོ་དང་ན་བཟའ་བརྗེས་ཡོད་པས་དེ་བསད་པ་ 【6】ལྟ་བུའི་དོན་རྐྱེན་བྱུང་བ་ཡིན་ལ། དེ་རིགས་ནི་སྣང་ཆུང་དང་རང་དགར་འཇོག་པའི་གནས་ཚུལ་ཞིག་ག་ལ་ཡིན། ཡིན་ནའང་ཁོང་གི་ཐོག་མའི་མཛད་པ་དེ་དག་ལ་འབྲས་བུ་སྨིན་རྒྱུ་ལྟ་ཞོག་བོད་ཀྱི་ཁ་དཔེར་“རི་བོང་རི་བོང་ཤོར། སྡོམ་པ་སྡོམ་པ་ཤོར།” ཞེས་པའི་དཔེའི་རྗེས་སུ་སོང་སྟེ། དེ་ལས་ལྡོག་པའི་འབྲས་བུ་ཞིག་ནི་བོད་ཀྱི་ཆབ་སྲིད་ལ་ཧམ་སེམས་ཆེ་བའི་རྒྱལ་པོ་ལྷ་བཟང་གི་གཡོ་སྒྱུའི་རྙི་ལ་ཐེབས་ཏེ། ཁོ་ཚོར་བསྙད་འདོགས་གླེང་འགེལ་དང་ཉེས་མེད་གླགས་འཚོལ་གྱི་གོ་སྐབས་དང་ལག་ཆ་སྤྲད་པ་ལྟ་བུར་གྱུར་པས་ལྷ་བཟང་གིས་ཚུར་རྒོལ་གྱི་གོམ་སྟབས་ཇེ་མགྱོགས་དང་རང་ཉིད་བརླག་པའི་ཉིན་ཚད་ཀྱང་ཇེ་ཐུང་དུ་བཏང་བ་དེ་ཅི་འདྲའི་བློ་ཡུལ་ལས་འདས་པའི་སྐྱོ་བའི་ཟློས་གར་ཞིག་མ་རེད་ཨང་།
བཞི་པ། བསྙད་བཏགས་ཏེ་རྒྱ་ཡུལ་དུ་དྲངས་པའི་སྐོར།
   དེ་ལྟར་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ནི་དེ་འདྲའི་རྙོག་འཛིང་ཆེ་བའི་ཆབ་སྲིད་ཀྱི་འཐབ་རྩོད་དྲག་པོའི་ནང་བོད་ཀྱི་ཆོས་སྲིད་ཟུང་གི་ཁྲི་འཕང་མཐོན་པོར་བཏེགས་པ་དང་། རང་ཤུགས་སུ་འཐབ་རྩོད་ནང་གི་མི་སྣ་གཙོ་བོ་ཞིག་ཏུ་གྱུར་པ་རེད། དེ་ཡང་དང་ཐོག་རྒྱལ་དབང་ལྔ་པ་ཆེན་པོས་སོག་པོའི་དམག་དཔུང་གི་སྟོབས་ཤུགས་ལ་བརྟེན་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་པ་ཡིན་ལ། ཁོང་ཞལ་བཞུགས་དུས་གུ་ཤྲི་ཧན་དང་བཅས་པས་ཀྱང་ལགས་སོ་ཁོ་ན་ཟེར་གྱིན་ཡོད་རུང་། གུ་ཤྲི་ཧན་གྲོངས་རྗེས་ཁོའི་སྲས་རྒན་པ་དང་དེ་ནས་ཏ་ཡན་ཧན་དང་ཏ་ལའི་ཧན་བཅས་པས་རིམ་པར་རྒྱལ་པོའི་གོ་གནས་བཟུང་ཞིང་། ཏ་ཡན་ཧན་གྱི་སྐབས་སུ་སོག་པོ་ནང་ཁུལ་མ་འཆམ་པར་འཁྲུག་ལོང་བྱུང་བ་དང་དེར་འདུམ་ཆིངས་ཀྱིས་སོ་སོ་མཚོ་ཁ་དང་བོད་དུ་འདུག་རྒྱུ་བྱས་ཤིང་། དེའི་འཕྲོར་ཏ་ཡན་ཧན་ཡང་གྲོངས་པས་སྲས་ཆེ་བ་མཚོ་སྔོན་ན་བུ་དོད་དུ་ཡོད་པར་བརྟེན་ཆུང་བ་ལྷ་བཟང་བོད་ལ་ཡོང་ནས་རྒྱལ་པོའི་གོ་གནས་བཟུང་བ་ཞིག་རེད། ཁོ་པ་ནི་གཡོ་སྒྱུ་ཁྲམ་གསུམ་ལྡན་པའི་མི་ཧམ་སེམས་ཅན་ཞིག་ཡིན་ལ་རྒྱལ་དབང་ལྔ་པ་ཆེན་པོ་གཤེགས་རྗེས། ཁོ་ཚོ་སྐྲག་ས་རྩི་ས་མེད་པའི་ཁར་ལྷ་བཟང་གིས་སྔར་ལས་ལྷག་པའི་སྒོ་ནས་རང་སྣང་གང་ཤར་གྱིས་བོད་ཀྱི་དབང་ཆ་ཅི་དགར་སྤྱོད་ཅིང་ཁྲལ་རིགས་སོགས་ཀྱང་སྔར་ལས་ལྕི་བ་འཛེམ་མེད་དུ་བསྡུ་ལེན་བྱེད་པ་མ་ཟད། ཁྱད་པར་དུ་བོད་ཀྱི་ཆབ་སྲིད་ཐད་ཁྱད་དབང་དང་ཁེ་ཕན་ཇེ་ཆེར་སོང་བ་དང་བསྟུན་རང་ཉིད་ཀྱི་ཧམ་སེམས་ཀྱང་དེ་བས་ཤུགས་ཆེར་རུ་སོང་ནས། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་བོད་ཀྱི་སྲིད་དབང་ཡོངས་རྫོགས་འཕྲོག་རྒྱུའི་བཀག་རྒྱར་མཐོང་སྟེ་མིག་ནང་གི་གྲ་མ་ལྟར་ཁོང་ལ་ཤིན་ཏུ་ནས་ཀྱང་སྡང་བར་བྱེད་ཅིང་། འགྲན་ཟླ་དང་གླགས་བཙལ་བར་བརྩམས་ཀྱང་། སྡེ་སྲིད་ནི་བོད་ཀྱི་སེར་སྐྱ་བྱིངས་ནང་སྙན་གྲགས་དང་དབང་ཐང་ཆེ་བས་རང་དགར་འགྲན་དུ་མི་སྤོབས་པས། སྡེ་སྲིད་རྩ་མེད་གཏོང་ཆེད་ངེས་པར་དུ་ཁོང་གི་སྟོབས་ཤུགས་ཀྱི་མཚོན་བྱེད་གཙོ་བོ་རྒྱལ་དབང་ལྔ་པ་ཆེན་པོའི་ཡང་སྲིད་ནས་གྲི་འཛུགས་དགོས་པར་བསམས་ཏེ། ཕྱོགས་གཅིག་ནས་ཞི་དྲག་གང་རུང་གི་སྒོ་ནས་འགྲན་རྒོལ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཚངས་དབྱངས་རྒྱ་མཚོས་འདུལ་སྡོམ་ཕུལ་བའི་གནད་དོན་གྱི་གོ་སྐབས་བཟུང་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསང་རྒྱ་བྱེད་ཚུལ་ནས་དྲུག་པ་བཙལ་བའང་རྫུན་མ་ཡིན་པས་སྡོམ་བརྩོན་མེད་ཅིང་།  ནག་ཆང་ཁོ་ནར་བསྟེན་པ་སོགས་ཀྱི་བསྙད་འདོགས་སྒྲོ་བསྐུར་གྱི་འཆལ་གཏམ་མང་པོ་གོང་མ་ཁང་ཤིས་ཀྱི་སྙན་དུ་ཕུལ་བ་བཅས་ཀྱི་བྱ་སྤྱོད་སྤེལ། གནས་ཚུལ་དེ་ལྟ་བུའི་འོག་ཏུ་སྡེ་སྲིད་གྱིས་གཙོས་པའི་མི་སྣས་དགའ་ལྡན་ཕོ་བྲང་གི་སྲིད་དབང་རང་གི་ལག་ཏུ་དམ་པོར་འཛིན་དགོས་ན་ངེས་པར་དུ་སོག་པོའི་སྟོབས་ཤུགས་ཕྱི་ལ་འབུད་རྒྱུ་དེ་ཡིན་པ་ཤེས་ཀྱང་། དེའང་ལས་སླ་བོའི་སྒོ་ནས་འགྲུབ་མི་ཐུབ་པར་མ་ཟད།  ཐ་ན་ལུས་སྲོག་ཀྱང་གཏོང་དགོས་པའི་འཐབ་རྩོད་འབྱུང་བར་ངེས་པས།  རེ་ཤིག་འཐབ་རྩོད་ཀྱི་ཀློང་མ་བརྡོལ་བར་ཡོད་པའི་སྐབས། སྡེ་སྲིད་ཀྱིས་ལག་སྔ་བྱ་བ་བསམས་ནས་ལྷ་བཟང་འཛིན་རྩིས་བྱས་ཀྱང་མ་འཆམ་ནས་ལུས་ཤིང་ 【7】མཐར་སྟོབས་ཤུགས་ཞན་པའི་དབང་གིས་ལས་དོན་དེ་ཇི་བཞིན་འགྲུབ་མ་ཐུབ་པར་དེ་ལས་ལྡོག་སྟེ་རང་ཉིད་བརླག་པའི་རྒྱུ་རུ་སོང་། སྤྱིར་ལྷ་བཟང་རྒྱལ་པོའི་གོ་གནས་བཟུང་བ་ནས་སྡེ་སྲིད་དང་ཞི་དྲག་མངོན་ལྐོག་ཅི་རིགས་ཀྱི་འཐབ་རྩོད་ལན་མང་བྱུང་ཡོད་མུར། སྤྱི་ལོ་༡༧༠༥ལ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་གཙོས་གདན་སའི་བླ་དཔོན་རྣམས་ནས་རྒྱལ་པོ་ལྷ་བཟང་མཚོ་ཁར་ལོག་རྒྱུ་དང་སྲིད་འཛིན་སྡེ་པ་ཟུར་བཞུགས་གནང་རྒྱུ་བཅས་བྱས་ཐོག སྡེ་སྲིད་ཀྱི་གོ་སར་སངས་རྒྱས་རྒྱ་མཚོའི་སྲས་ཆེ་བ་བསྐོ་བཞག་བྱེད་པ་སོགས་ཀྱི་ཚུལ་དུ་གྲོས་འདུམ་བྱས་ཟིན་པ་ལྟར་ཡིན་ནའང་། དོན་དུ་ཛ་དྲག་གི་འཐབ་རྩོད་ཀྱི་ཀློང་བརྡོལ་བར་གྱུར་ནས། ལྷ་བཟང་མཚོ་ཁར་ལོག་ཁུལ་གྱིས་ནག་འདམ་ནས་སོག་དམག་མང་དུ་བསྡུས་ཏེ་ལམ་གསུམ་བརྒྱུད་ནས་དབུས་ལ་དཔུང་འཇུག་བྱེད་པར་ཡོང་དུས། སྡེ་སྲིད་སངས་རྒྱས་རྒྱ་མཚོ་བྲོས་སྟབས་ཀྱིས་གོང་དཀར་ལ་ཕེབས་སྐབས་ལམ་ནས་ལྷ་བཟང་གི་ཆུང་མ་བདུད་མོ་ཚེ་རིང་བཀྲ་ཤིས་མས་སྡེ་སྲིད་དབུ་བཅད་དེ་བཀྲོངས་ཤིང་། དེ་ནས་ལྷ་བཟང་གིས་ད་དུང་བོད་དུ་སྡེ་སྲིད་ཀྱི་སྟོབས་ཤུགས་ཤུལ་ཙམ་མེད་པ་དང་ཉེན་ཁ་གཞན་གང་ཡང་མེད་པར་བཟོ་བ། སྒོས་སུ་རྒྱལ་དབང་དྲུག་པའང་རང་གི་དགྲ་རུ་བསམས་ནས་དེར་གླགས་བཙལ་བའི་གོ་སྐབས་སྔར་ལས་འགྲིག་པར་བསྟུན་ནས་མུ་མཐུད་གོང་མར་ངོ་དགའ་དང་གཡོ་སྒྱུའི་ཚིག་གིས་ཞུ་གཏུག་བྱས་པ་རྒྱ་ཡིག་ལས་བྲིས་པའི་《ཆིན་གྱི་ལོ་རྒྱུས་ཟིན་བཀོད》ལས། སྡེ་པ་སངས་རྒྱས་རྒྱ་མཚོ་གྲོངས་རྗེས། ལྷ་བཟང་ཧན་གྱིས་ལུང་ཟུར་པ་སྡེ་སྲིད་ལ་བསྐོས་ཤིང་། ཕྱོགས་གཅིག་ནས་བང་ཆེན་བཏང་སྟེ་རྒྱལ་སར་འོངས་ནས་ཁང་ཤིས་ལ་ངོ་ལོག་བྱ་རྩིས་ཀྱི་རྒྱུད་རིམ་གསོལ་ཞིང་། ཕྱོགས་གཅིག་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་འདེབས་བཀོད་བྱས་པའི་ཚངས་དབྱངས་རྒྱ་མཚོ་ཏཱ་ལའི་ངོ་མ་མིན་ཚུལ་དང་། ཉིན་ལྟར་ནག་ཆང་ཁོ་ནས་གཙང་ཁྲིམས་མ་སྲུང་བས་གོ་གནས་ཕབ་པར་ཞུ་བྱས་པས། ཁང་ཤིས་ཀྱིས་ཀྱང་ཚངས་དབྱངས་རྒྱ་མཚོ་བཟུང་སྟེ་གོང་མར་འབུལ་རྒྱུ་བྱ་བའི་བཀའ་བབས།ཞེས་བཀོད་པ་ལྟར་རང་གི་བསམ་དོན་གྲུབ་པར་བརྟེན། རྒྱལ་དབང་དྲུག་པ་ཆེན་པོ་རྒྱ་ལ་འདྲེན་རྒྱུ་དྲིལ་བསྒྲགས་བྱས་ཤིང་། སྤྱི་ལོ་༡༧༠༦ལ་བོད་འབངས་སེར་སྐྱ་བྱིངས་དང་། སྒོས་སུ་སེ་འབྲས་སོ་སོའི་ལས་སྣེ་གྲོས་མཐུན་གྱིས་སྐུ་ཞབས་རྒྱ་ནག་ཏུ་བྱོན་ནས་བོད་སུ་ལ་བརྟེན་ཟེར་ནས་རྒྱལ་བ་རིན་པོ་ཆེ་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་གདན་དྲངས་ཏེ་གྲྭ་མང་གིས་སྲུང་རེས་བྱས་ 【8】ཀྱང་བཀག་འགོག་ལ་མ་འཛེམས་པར་དྲག་པོའི་དཔུང་ཤུགས་ལ་བརྟེན་ནས་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་དྲང་དོན་རྒྱ་ནག་ལ་གདན་དྲངས་པའི་ལམ་ལ་ཞུགས་ཤིང་། ངེས་དོན་མ་འགྱངས་བར་མི་རྟག་སྒྱུ་མའི་ཞིང་དུ་བཅུག་པར་མངོན་ནོ། །
   ཡང་ལ་ལས་ཚངས་དབྱངས་རྒྱ་མཚོ་གོང་མའི་བཀའ་བཞིན་རྒྱ་ལ་གདན་ཞུ་དྲངས་ཞེས་རྒྱ་ལ་ཕེབས་ཚུལ་ལེགས་པའི་དོན་ཡིན་པར་འདོད་ནའང་། དོན་དམ་དུ་ཁོང་ནི་སོག་པོའི་དམག་དཔུང་གིས་མི་ལུས་ཀྱང་རང་དབང་མེད་པའི་ངང་བཙན་ཐབས་ཀྱིས་ཁྲིད་སོང་བ་ཡིན་ལ། དེའང་འབྲས་སྤུངས་ནས་གྲྭ་མང་གིས་འཕྲོག་སྟེ་སོག་དམག་དང་འཐབ་འཛིང་བྱུང་བ་ལས་ཀྱང་ཤེས་ཐུབ་པར་མ་ཟད། སྐབས་དེའི་སྒོ་མང་མཁན་པོའི་རྣམ་ཐར་དུའང་“སླར་རྒྱལ་བའི་སྐུ་ཞབས་ཀྱང་གོང་མ་དང་རྒྱལ་པོ་ལྷྃ་བཟྃང་གིྃ་འདོྃད་པྃ་ལྟྃར་རྒྱ་ཡུལ་དུ་གདན་དྲངས། 【9】ཞེས་པའི་ཚིག་ཕྱི་མ་ལྷ་བཟང་གི་འདོད་པ་ཞེས་པ་ནི་གནད་ཀྱི་ཚིག་ཡིན་པ་ཤེས་དགོས་ཤིང་། དེར་ལོ་རྒྱུས་སྨྲ་བ་ལ་ལས་གོང་མར་ཁ་གཡར་ཏེ་ལྷ་བཟང་གིས་བཙན་པོས་ཁྲིད་སོང་བ་རེད་ཟེར་བའང་རྒྱུ་མཚན་གྱི་གཏམ་དུ་སྣང་ངོ་། །དེ་ལྟར་ཚངས་ངབྱངས་རྒྱ་མཚོ་རྒྱ་ལ་འདྲེན་སྐབས་ལོ་རྒྱུས་ལ་ལར་སྡེ་སྲིད་ཀྱི་ལྕམ་སྲས་བཅས་ཀྱང་ཅིག་ཅར་ཁྲིད་པར་བཤད་པ་དང་། དེ་ཕྱིན་གྱི་གནས་ཚུལ་དང་མཐར་དེ་དག་གི་ཚུལ་ཇི་ལྟར་གྱུར་པའི་ཐད་ལ་ལོ་རྒྱུས་སྨྲ་བ་རྣམས་ཀྱང་བཞེད་པ་མི་མཐུན་པ་སྣ་ཚོགས་ཤིག་ཡོད་པ་གཤམ་དུ་འཆད་པར་འགྱུར། དེ་ནས་ལྷ་བཟང་གིས་དྲག་ཤུགས་ལ་བརྟེན་ནས་བོད་ཀྱི་སྲིད་དབང་ཡོངས་རྫོགས་འཕྲོག་རྗེས་ཆབ་སྲིད་ཐོག་ཆོས་སྲིད་གཉིས་ཀྱི་བདག་པོ་ཆེན་པོ་རྒྱལ་དབང་བླ་མའི་མཚན་སྙན་དང་དར་ཆ་མེད་ཚེ་སྲིད་ཀྱི་ཁ་ལོ་བསྒྱུར་མི་ནུས་པར་སེམས་ནས། ལྕགས་པོ་རིར་བཞུགས་པའི་གྲྭ་པ་ཞིག་པཎ་ཆེན་རིན་པོ་ཆེ་དང་སྒོ་མང་མཁན་པོ་བཅས་ལ་བརྟེན་ནས་མཚན་པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོ་ཞེས་བཏགས་ཏེ་རྒྱལ་བའི་ཁྲི་ལ་བཀོད། དེ་ལ་བརྟེན་ནས་བོད་མི་སྤྱིའི་བསམ་བློ་འགུག་པར་འདོད་ཀྱང་། དེའང་དགོས་དབང་གིས་འགའ་རེས་ཁས་བླངས་པ་མ་གཏོགས་བོད་འབངས་བྱིངས་ཀྱིས་ཡེ་ཤེས་རྒྱ་མཚོ་ཞེས་པ་རྒྱལ་དབང་གི་སྤྲུལ་སྐྲུར་མི་སེམས་པས་མཚན་ཡང་སྐུ་ཞབས་དང་པད་དཀར་འཛིན་པ་ཞེས་འབོད་པ་ལགས་ཤིང་། ལྷ་བཟང་གི་བསམ་སྦྱོར་ངན་པས་དོན་དུ་རང་ཉིད་སྦ་སའི་དུར་ཁུང་རང་གིས་བསྐོས་པར་གྱུར་ཏེ། ཕྱིས་ལོ་ངོ་བཅུ་ཕྲག་ཙམ་འདས་རྗེས་ཇུན་གར་གྱི་དམག་ཡོང་ནས་ཁོ་པ་རྩ་མེད་དུ་བརླག་པ་དེ་ཡིན་ནོ། །
ལྔ་པ། སྐུ་གྲོངས་ཚུལ་མི་མཐུན་པའི་སྐོར།
   དེ་ལྟར་ལྷ་བཟང་གིས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྐུ་བཀྲོངས་རྗེས་མངོན་སུམ་འཛེམ་བག་མེད་པར་རྒྱལ་དབང་དྲུག་པའང་རང་གི་ཆབ་སྲིད་ཀྱི་གེགས་ཆེན་པོ་ཡིན་པ་ཤེས་ནས་གོང་སྨྲས་བཞིན་བསྙད་འདོགས་དང་གཡོ་སྒྱུའི་ཚིག་སྣ་ཚོགས་གོང་མར་ཞུ་གཏུག་གི་སྦྱོར་བར་བརྟེན་ནས། རྒྱལ་དབང་དགུང་ལོ་ཉེར་ལྔར་ཕེབས་ལོ(སྤྱི་ལོ༡༧༠༧)ལ་ཁྲི་ལས་ཕབ་སྟེ་མཚོ་སྔོན་ཕྱོགས་ལ་དྲག་པོའི་དཔུང་གིས་དྲངས། དེ་ནས་རྗེ་འདི་པ་ཕྱིས་སུ་ཚུལ་ཇི་ལྟར་གྱུར་པའི་ཐད་ལ་རང་རེའི་ལོ་རྒྱུས་སྨྲ་བ་རྣམས་ཀྱང་བཞེད་པ་མི་མཐུན་ཞིང་། སྒོས་སུ་བཤད་ཚུལ་ཆེས་ཐ་དད་པ་གཉིས་ཡོད་པ་སྟེ། གཅིག་ནི་སྐབས་དེའི་ཡིག་ཆ་དང་རྣམ་ཐར་ཡོངས་གྲགས་ཀྱི་ལུགས་ལ་རྗེ་འདི་པ་རྒྱ་ལ་དྲངས་པའི་ལོ་དེར་མཚོ་སྔོན་ནས་འདས་སོང་བར་འདོད་པ་དང་། གཞན་དེ་ནི་《གསང་བའི་རྣམ་ཐར》བྱ་བར་རྗེ་འདིས་སྐུ་ཚེ་མཐར་ཕྱིན་ཏེ་དགུང་གྲངས་དྲུག་ཅུ་ལྷག་ཙམ་བཞུགས་པར་འདོད་པ་བཅས་ཡིན་པ་ལས། བཤད་ཚུལ་ཐ་དད་གཉིས་པོར་ཅུང་ཟད་དཔྱད་ན། དེ་ཡང་རྒྱལ་དབང་དྲུག་པ་ཆེན་པོའི་དངོས་སློབ་ཏུ་རློམ་པ་སོག་པོ་ངག་དབང་ལྷུན་གྲུབ་དར་རྒྱས་བྱ་བས་སྤྱི་ལོ་༡༧༥༧ལ་བྲིས་པའི་《ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་རྒྱ་མཚོ་དཔལ་བཟང་པོའི་རྟོགས་པ་བརྗོད་པ་ལྷའི་ཏམ་བུ་རའི་རྒྱུད་ཀྱི་སྒྲ་དབྱངས》 【10】ཞེས་པའི་ནང་དུ། ཚངས་དབྱངས་རྒྱ་མཚོ་རྒྱ་ལ་དྲངས་ནས་མཚོ་སྔོན་དུ་སླེབས་ཙ་ན་བྲོས་སྟབས་ངང་ཕེབས་ཏེ་མདོ་སྨད་དང་ནང་སོག་རྒྱ་ནག་རི་བོ་རྩེ་ལྔ་དང་ཁམས་ལྷ་ས་བཅས་ལ་ཕེབས་པར་མ་ཟད། ཐ་ན་རྒྱ་གར་དང་བལ་པོ་ལ་སོགས་པའི་ཡུལ་གྲུ་ཀུན་ལ་རྒྱུ་ཞིང་། ད་དུང་མདོ་སྨད་དུ་དགོན་སྡེ་ཁག་རེའང་ཕྱག་འདེབས་མཛད། མཐར་ཨ་ལགས་ཤ་ནས་སྐུ་གཤེགས་པ་དང་། དགུང་ལོ་དྲུག་ཅུ་རྩ་གྲངས་བཞུགས་ཚུལ་བཅས་བྲིས་ཡོད་པ་དེར་རང་རེའི་མཁས་པ་ལ་ལས་ཀྱང་འཐད་ལྡན་དུ་སེམས་ནས་དག་པར་གཟིགས་བཞིན་རྗེས་སུ་འབྲང་ཡོད་ནའང་། དེ་ནི་རྒྱལ་དབང་དྲུག་པ་ཆེན་པོའི་བྱུང་བ་ངོ་མའི་རྣམ་ཐར་ངེས་གཙང་དང་བདེན་པར་འདོད་དཀའ་སྟེ། ཐོག་མར་རྩོམ་པ་པོས་བསྟན་བཅོས་ཀྱི་མཚན་བྱང་ཡང་ཆོས་གྲགས་རྒྱ་མཚོ་ཞེས་རྒྱལ་དབང་ཚངས་དབྱངས་པའི་མཚན་བཀོད་མེད་པར་མ་ཟད་ནང་དུ་འགལ་བའང་མང་བས། དེང་གི་དཔྱོད་ལྡན་འགའ་རེས་དེ་ནི་དྭགས་པོ་སྤྲུལ་སྐུ་གོང་མ་ཆོས་གྲགས་རྒྱ་མཚོ་ཟེར་བའི་བྱུང་བ་རང་ཡིན་པར་བཤད་ཡོད་པ་ 【11】དོན་ལ་གནས་པར་སེམས་ཏེ་མཚན་དོན་མཐུན་པའི་ཕྱིར་དང་། གཉིས་སུ་སྐབས་དེའི་གནས་ཚུལ་ལ་ཅུང་ཟད་གཞིགས་ནའང་རྗེ་འདི་པ་སོག་དམག་གི་ལག་ནས་དེ་ལྟ་བུས་ཅི་དགར་ཕེབས་རྒྱུ་ལྟ་ཅི། ཐ་ན་ལུས་སྲོག་ཀྱང་རང་དབང་མེད་པ་གོང་འོག་ཀུན་གྱི་གནས་ཚུལ་ལས་ཤེས་ནུས། གལ་སྲིད་གསང་རྣམ་དུ་བཤད་པ་ལྟར་བྲོས་ཕེབས་ཀྱིས་རྒྱལ་ཁམས་སྐོར་ནས་བཞུགས་པ་བདེན་ན་བོད་ཀྱི་ལོ་རྒྱུས་ཡིག་ཚང་དང་། ཁྱད་པར་དུ་དུས་མཉམ་གྱི་མཁས་པའི་རྣམ་ཐར་རྣམས་སུ་མི་འགོད་པ་མི་སྲིད་ལ། ཁོང་གི་གདུལ་བྱ་རྣམས་ཀྱང་གློ་བུར་དུ་མེད་པར་འགྲོ་བ་མི་སྲིད་པའི་ཕྱིར་རོ། །
དེ་ལྟར་ང་ཚོས་བལྟས་ན། འདི་ནི་རྩོམ་པ་པོ་ལ་ལས་སྐྱེ་བོ་གཞན་པའི་ཡོན་ཏན་ལ་བརྟེན་ནས་རང་ཉིད་ཀྱི་ཆེ་བ་བརྗོད་པ་ཡོད 【12】 ཅེས་མཁས་ཆེན་འབྲུག་རྒྱལ་དབང་གིས་གསུངས་པའི་རྗེས་སུ་སོང་བར་མངོན་པ་མ་གཏོགས་རྒྱུ་མཚན་གཞན་མཆིས་པ་མ་མཐོང་། ཚུལ་འདིའི་བྱུང་བ་དངོས་ནི་ཤོད་རྒྱུན་ཡོངས་གྲགས་དང་རྣམ་ཐར་གཙང་མར་བཀོད་པ་ལྟར་མཚོ་སྔོན་དུ་སྐུ་འདས་པར་ངེས་ཏེ། དེ་ཡང་སུམ་པ་མཁན་པོའི་《མཚོ་སྔོན་ལོ་རྒྱུས》སུ་མེ་ཁྱི་ལ་ཚངས་དབྱངས་རྒྱ་མཚོ་བླ་མ་རིན་པོ་ཆེའི་སྤྲུལ་སྐུ་མིན་པ་ཐག་བཅད་དེ། དེ་དང་སངས་རྒྱམ་གྱི་སྲས་དག་རྒྱ་རྒྱལ་གྱི་བཀས་སྨད་དུ་གདན་དྲངས་ཚེ། ཚངས་དབྱངས་རྒྱ་མཚོ་མཚོ་སྔོན་གྱི་སྟོད་ཀྱི་ཀུན་དགའ་ནོའུར་དུ་འདས་ངེས་ཡིན། ཞེས་ངེས་ཚིག་བཞག་སྟེ་གསུངས་པ་དང་། དེ་མིན་《ཀློང་རྡོལ་བླ་མའི་གསུང་འབུམ》དང་《བཀའ་བློན་རྟོགས་བརྗོད》གསོལ་དཔོན་བློ་གྲོས་དབང་ཕྱུག་གིས་བཀོད་པའི་《ཚངས་དབྱངས་རྒྱ་མཚོའི་རྣམ་ཐར》སོགས་སུའང་རྒྱལ་དབང་དྲུག་པ་དགུང་ལོ་ཉེར་ལྔའི་སྟེང་མཚོ་སྔོན་དུ་འདས་པར་བཀོད་པ་བཅས་ནི། སྐབས་དེའི་མི་ཐོག་གཅིག་པའི་མཁས་པ་དེ་དག་གིས་བཀོད་པ་ཤ་སྟག་ཡིན་པས་འཁྲུལ་བར་མི་སྲིད་ཅིང་ཡིད་ཀྱང་ཆེས་ཆོག་པ་ཞིག་ཡིན། ཡང་རྒྱའི་སྐབས་དེའི་ལོ་རྒྱུས་ཡིག་ཚང་སུའང་ཁང་ཤིས་ཁྲི་ལོར་ཞེ་ལྔར(༡༧༠༦)ཁང་གིས་བཀོད་པར། ཟི་ལིང་དུ་སྡོད་པའི་བླ་མ་བསོད་ནམས་རྡོ་རྗེས་ཕུལ་བའི་སྙན་ཞུར། ལྷ་བཟང་གིས་ཏཱ་ལའི་རྫུན་མ་སྐྱེལ་ཡོང་བ་ཟི་ལིང་མཁར་སླེབས་ཙ་ན་བསྙུང་སྟེ་བཤེགས་ཞེས་དང་། སངས་རྒྱས་པས་བསྐོས་པའི་ཏཱ་ལའི་ཁྲི་ལས་ཕབ་པའི་སྙན་ཞུར་བརྟེན། བཀའ་ལྟར་རྒྱལ་སར་སྐྱེལ། ཆས་ཏེ་མཆོ་སྔོན་གྱི་ལམ་ནས་འདས། སྐྱེལ་མི་མགོ་འཐོམ་རྣམས་ཀྱིས་ལུགས་སྲོལ་བཞིན་གདུང་རུས་དེར་དོར། གཤེགས་དུས་དགུང་ལོ་ཉེར་ལྔར་ཟིན། ཁང་ཤིས་ཁྲི་ལོ་ཞེ་དྲུག་པ་ཡིན། ཞེས་སོགས་བཀོད་པ་ལྟར་རྗེ་འདི་དགུང་ལོ་ཉེར་བཞིའམ་ཉེར་ལྔའི་སྟེང་འདས་པར་བཤད་པ་གཅིག་མཐུན་ཁོ་ན་ཡིན་པ་ལགས་སོ། །ཡང་རྒྱའི་ཕྱིས་ཀྱི་བཙུན་པ་མཁས་པ་ཧྥ་ཙོང་གིས་བོད་ཡིག་གི་གསང་རྣམ་གཟིགས་ཏེ་《བོད་མི་རིགས་ཀྱི་ཆོས་སྲིད་ལོ་རྒྱུས》བྱ་བར་སྐུ་ཚེ་མཐར་ཕྱིན་ཚུལ་བཀོད་ཡོད་པས་འགའ་རེ་དེའི་རྗེས་སུ་འབྲང་བ་མ་གཏོགས་རྒྱའི་ཡི་གེ་གཞན་རྣམས་སུ་དེ་ལུགས་ཀྱི་ཚིག་ཟུར་ཙམ་ཡང་མེད་པ་ཤེས་པར་བྱ་ལ། ཡང་རྗེ་འདི་པ་འདས་རྐྱེན་ཐད་ལ་རྒྱའི་ཡི་གེ་དང་ཡིག་ཆ་ལ་ལར་འབམ་ནད་བྱུང་སྟེ་གཤེགས་པ་སོགས་བཀོད་པ་དྲང་དོན་ཙམ་དང་། རྒྱལ་དབང་མཆོག་གི་ཚེ་སྲོག་ཉི་གཞོན་གསར་པ་དེ་ལྷ་བཟང་སྒྲ་གཅན་དཔུང་གི་གཤེད་མས་མ་རུང་ཞི་བ་མུན་པའི་གླིང་དུ་བཅུག་པ་ནི་ངེས་དོན་ཡིན་ནོ། །
ཡང་དེང་གི་མཁས་པ་འགའ་ཞིག་གིས་གསང་རྣམ་གཞི་བྱས་ཏེ་རྒྱལ་དབང་བཅུ་གསུམ་པ་རི་བོ་རྩེ་ལྔར་ཕེབས་སྐབས་དྲུག་པའི་སྒྲུབ་ཕུག་ཡིན་ཟེར་བ་གཅིག་ལ་མཇལ་བར་ཕེབས་ཚུལ་རྣམ་ཐར་དུ་བཀོད་པའི་ཚིག་ཟུར་བཟུང་ནས། རང་མོས་གཙིགས་འཛིན་གྱི་སྒོ་ནས་སྐུ་ཚེ་མཐར་ཕྱིན་ཚུལ་གྱི་ལུགས་འཛིན་མཁན་བྱུང་བ་དང་། མཁས་དབང་ལ་ལས་གསང་རྣམ་དེ་དྲུག་པ་ཆེན་པོའི་རང་རྣམ་དངོས་ཡིན་པར་བཞེད་པ་སོགས་ནི་གསང་བ་ལྐོག་གྱུར་གྱི་རྣམ་ཐར་ཉིད་དང་། ཡང་ན་ལྷ་སྒྲུང་དང་རྫུ་འཕྲུལ་ལ་ཡིད་ཆེས་པ་ཞིག་ཡིན་ན་གཏོགས། ལོ་རྒྱུས་སྟེང་མིའི་ཚུལ་གྱིས་དངོས་སུ་བྱོན་པའི་རྒྱལ་དབང་དྲུག་པའི་རྣམ་ཐར་གཙང་མར་དངོས་ཤུགས་གང་གི་ཐད་ནས་ཀྱང་ལུགས་དེ་འཛིན་པར་མི་ནུས་སོ། །གསང་རྣམ་གྱི་ཤོད་རྒྱུན་དེ་མདོ་སྨད་དང་སོག་ཡུལ་བཅས་སུ་ཡོངས་ཁྱབ་ཏུ་ཡོད་པས། དེང་སང་བར་དུའང་སོག་པོའི་ཁྲོད་ན་དེ་མཐུན་གྱི་གཏམ་རྒྱུད་དང་། ཐ་ན་སྐུ་རྫས་ཆ་བྱད་སོགས་ཀྱང་ཡོད་ཚུལ་བཀོད་པའི་རྩོམ་ཡིག་བྲིས་ཡོད་པ་མཐོང་ཡང་། དེ་དག་ནི་གོང་སྨྲས་ལྟར་མ་དག་རྒྱུན་འབྱམས་སུ་འཁྱམ་པ་ཁོ་ན་ལས་རྒྱལ་དབང་དྲུག་པའི་རྣམ་ཐར་གྱི་དོད་དང་ཡང་ན་ཁ་སྐོང་ཙམ་ཡང་འོས་མིན་ཆ་མི་འཚལ་ལོ། །དེའི་ཕྱིར་ང་ཚོའི་འདོད་ལུགས་ནི་ལྷ་བཟང་གི་དམག་གིས་རྒྱལ་དབང་རྒྱ་ལ་དྲངས་ཏེ་ལམ་བར་དུ་མཚོ་སྔོན་གྱི་ས་ཀུན་དགའ་ནོར་ཏེ་སྟོང་སྐུ་མཚོ་ནག་མའི་ཉེ་འགྲམ་དུ་སྐྱེལ་མི་དག་གིས་སྐུ་བཀྲོངས་ཤིང་། དེ་དུས་ཁོང་དགུང་གྲངས་ལོ་ངོ་རྩིས་ན་ཉེར་ལྔ་དང་ཧྲིལ་ལོ་ཉེར་བཞིའི་ཐོག་ཡིན་ལ། གཞན་ཡང་དེ་དང་ཆབས་གཅིག་ཏུ་སྡེ་སྲིད་རིན་པོ་ཆེའི་སྐུ་འཁོར་ལྕམ་སྲས་དང་བཅས་པའང་མདོ་སྨད་ཕྱོགས་ལ་རྒྱང་ཕུད་བཏང་ཡོད་སྲིད་དོ། །མདོར་ན་རྒྱལ་དབང་འདི་པ་དེ་འདྲའི་ཆབ་སྲིད་ཀྱི་འཐབ་འཛིང་དྲག་པོའི་ནང་དུ་ཡ་ང་བའི་གནས་ཚུལ་འདི་འདྲ་བྱུང་སྟེ་མཐར་ལུས་སྲོག་གཞན་དབང་དུ་གྱུར་པར་གོར་མ་ཆག་གོ །
དྲུག་པ། ཁོང་དང་མགུར་གླུ་བར་གྱི་འབྲེལ་བའི་སྐོར།
   དེ་ཡང་ཉེ་རབས་ནས་བཟུང་རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་ལོ་རྒྱུས་ནི་ཕྱི་ནང་མཁས་པ་མང་པོའི་དཔྱད་གཞིར་གྱུར་ཐོག་བརྟག་དཔྱད་ཀྱི་རྦ་རླབས་གསར་པ་ཞིག་འཕྱུར་བཞིན་ཡོད་པ་འདི་ནི། གཅིག་ན་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་བོད་ཀྱི་ལོ་རྒྱུས་སྟེང་ཆོས་སྲིད་ཟུང་གི་མི་སྣ་གལ་ཆེན་ཞིག་ཡིན་པ་ལས། རྐྱེན་སྣ་ཚོགས་པའི་དབང་གིས་ཁོང་གི་ལོ་རྒྱུས་རྙོག་འཛིང་ཆེ་བས་བཞེད་པ་མི་མཐུན་པ་མང་བའི་རྐྱེན་གྱིས་དང་། ཕྱོགས་གཅིག་ཏུ་དེང་དུས་ཀྱི་མཁས་པ་འགའ་ཞིག་གིས་གཙོས་ཕྱི་ནང་གི་དཔྱོད་དགའ་ཁག་གཅིག་གིས་ཚངས་དབྱངས་རྒྱ་མཚོས་ཆོས་ལུགས་ལ་རྒྱབ་འགལ་དང་འཇིག་རྟེན་ལ་ཞེ་མཐུན་ལྡན་པའི་མགུར་གླུ་བརྩམས་ཡོད་པས།  ཁོང་ནི་བོད་ཀྱི་སྙན་ངག་པ་ཆེན་པོ་འགྲན་ཟླ་མེད་པ་ཞིག་གོ་ཞེས་འུད་སྒྲོག་གིས་རྒྱལ་དབང་དྲུག་པའི་མཚན་སྙན་ཟོལ་གྱིས་དགུང་ལ་བསྟོད་པར་བྱས་པ་ནི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པར་ངེས།  དེས་ན་མགུར་གླུ་བྱ་བ་དེ་རྣམས་ཚངས་དབྱངས་རྒྱ་མཚོས་དངོས་སུ་བརྩམས་པ་ཡིན་མིན་ལ་རང་རེའི་མཁས་པ་རྣམས་ཀྱང་བཞེད་པ་མི་མཐུན་ཞིང་བོད་རིགས་སྐྱེ་བོ་མང་ཆེ་བས་དེ་དག་རྒྱལ་པོ་ལྷ་བཟང་གིས་རྒྱལ་དབང་དྲུག་པར་སྡོམ་བརྩོན་མེད་པའི་བསྙད་འདོགས་ཀྱི་དཔང་དུ་དམངས་གཞས་བཅོས་མ་བསྒྲིགས་ནས་ཆིན་གོང་མར་ཕུལ་བ་ཡིན་པར་འདོད་ལ། དེའང་རྒྱུ་མཚན་གཏན་ནས་མེད་པ་ཞིག་མ་ཡིན་སྙམ་སྟེ། དཔེར་ན་མགུར་གླུའི་ནང་དུ། “པོ་ཏ་ལ་རུ་བཞུགས་དུས། །རིག་འཛིན་ཚངས་དབྱངས་རྒྱ་མཚོ། །ལྷ་ས་ཞོལ་རུ་སྡོད་དུས། །འཆྃལ་པོྃ་དང་བཟང་དབང་པོ། །” ཞེས་པ་ལྟ་བུ་འདི་རྒྱལ་དབང་རང་ཉིད་ཡིན་པ་ཕར་ཟད་བློ་གཟུ་བོར་གནས་པའི་དཔྱོད་པ་པོ་ཞིག་ཀྱང་མིན་པ་འཕྱ་དམོད་དང་མཚང་འབྲུའི་ཚིག་དངོས་འཆལ་པོ་ཞེས་པས་ཀྱང་ཤེས་ཐུབ། སྒོས་སུ་རྩོམ་སྟངས་འདི་ལྟ་བུ་བོད་དམངས་ཁྲོད་དུ་རྒྱུག་ཆེ་བས་རྒྱལ་དབང་ལ་སྡང་བ་སྐོར་ཞིག་གིས་བཙན་སྒྲིག་བྱེད་པ་མིན་ན་ཅི་སྙམ། ཡང་གལ་སྲིད་རྒྱལ་དབང་ཁོང་གིས་མཛད་པ་ཡིན་པའི་དབང་དུ་བྱས་ནའང་མགུར་གླུ་དེ་དག་ཁྱེད་ཚོའི་འདོད་པ་ལྟར་གྱི་བསྟན་བཅོས་ཁོ་ན་ཞིག་ཏུ་མི་སེམས་པར་མ་ཟད། རང་རེའི་མཁས་པས་དེ་ནི་ལྟ་བ་ཟབ་མོ་གསང་བ་སྔགས་ཀྱི་སྒོ་ནས་བརྩམས་པ་ཡིན་ཚུལ་དང་། ཐ་ན་དེར་གསང་སྔགས་ཐད་ཇི་ལྟར་འགྲེལ་ཚུལ་གྱི་དཔེ་ཆའང་སྔར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དུ་བཞུགས་པ་དང་སློབ་དཔོན་ཆེན་མོ་དུང་དཀར་མཆོག་གིས་གཟིགས་མྱོང་བ་བཅས་ཞལ་ལས་ཐོས་ཤིང་། ཡང་མཁས་པ་སྔ་མ་དག་གི་གསུང་རྒྱུན་དུའང་མགུར་གླུའི་ནང་གི་བྱ་དེ་ཁྲུང་ཁྲུང་དཀར་པོ། །གཤོག་རྩེ་གཡར་རོགས་གནང་དང་། །ཐག་རིང་རྒྱང་ལ་མི་འགྲོ། །ལི་ཐང་སྐོར་ནས་སླེབས་ཡོང་། །ཞེས་པའི་ཤོ་ལོ་ཀ་འདི་ཁོང་སྐུ་ཚེ་ཕྱི་མ་སྐལ་བཟང་རྒྱ་མཚོ་ཁམས་ལི་ཐང་ནས་འཁྲུངས་རྒྱུའི་ལུང་བསྟན་གྱི་གསུང་ཡིན་པར་ཡིད་ཆེས་བྱེད་བཞིན་པ་སོགས་ནི་ཡོངས་གྲགས་ཆེ་བས་དེ་རིགས་ལ་འགྲེལ་པ་ཇི་ལྟར་བགྱི་འོས། དེ་མིན་མགུར་གླུའི་གྲས་སུ་འཇིག་རྟེན་ཞེ་མཐུན་གྱི་སྐོར་མིན་པ་ཞེ་ཆད་བསླབ་བྱའི་སྐོར་གྱི་གསུང་ཡང་མང་སྟེ། དཔེར་ན།སྤྲིན་སེར་ཁ་དཀར་གཏིང་ནག །སང་དང་སེར་བའི་གཞི་མ། །བན་དེ་སྐྲ་མིན་སེར་མིན། །སངས་རྒྱས་བསྟྃན་པའི་དགྲྃ་བོ། ། ཞེས་པ་དང་། ཡང་ཀོང་ཕྲུག་གཞོན་པའི་བློ་སྣ། །སྦྲང་བུ་རྒྱ་ལ་བཅུག་འདྲ།  །ཞག་གསུམ་ཉལ་རོགས་བྱས་པས།  །ཕུགྃས་ཡུྃལ་ལྷྃ་ཆོྃས་དྲན་བྱུང་།། ཞེས་པ་ལྟ་བུ་སོགས་འཚོ་བར་ཞེ་མཐུན་གྱི་ཚིག་ཡིན་མིན་ཧ་ལོས་གོ །དེར་མི་བསམས་ནས་རང་གི་མིག་ལམ་དུ་ཐོགས་པ་ཕྱི་ཚུལ་འཇིག་རྟེན་འདོད་ཆགས་དང་མཐུན་པའི་ཚིག་འགའ་རེ་དང་། ཡང་སྒོས་ཕྱིས་སུ་དེར་དམངས་གླུ་དུ་མ་བསྣན་པ་དག་མཐོང་སྐབས། གཞན་རྣམས་བཏང་སྙོམས་སུ་བཞག་ཐོག་དེའི་ཆགས་གཏམ་ཁག་གཅིག་ལ་བརྟེན་ནས་རང་གི་བསམ་པ་མངོན་དུ་སྒྲོག་པ་ནི་འོས་མིན་པར་སེམས་ཏེ། སྤྱིར་འཇིག་རྟེན་ནི་རྙོག་འཛིང་ཅན་ཞིག་ཡིན་པས་དེར་འཛིན་པའི་ལྟ་བའང་རྙོག་འཛིང་འབྱུང་སྲིད་པས་ཆགས་གཏམ་བཤད་པ་ཙམ་གྱིས་ལྟ་བ་ལོག་པའི་ངེས་པ་མེད་ཅིང་། མགུར་གླུ་བརྩམས་པ་ལྟ་བུས་དེ་བས་ཀྱང་ཆོས་ལུགས་ལ་རྒྱབ་འགལ་དུ་འགྲོ་མི་སྲིད་དེ། དེ་ལྟར་ན་བོད་འབངས་སྐྱ་མི་བྱིངས་ཀྱང་ལྟ་ལོག་རྒྱབ་འགལ་དུ་འགྱུར་འགྲོ་བའི་ཕྱིར་རོ། །
   དེ་ལྟར་ཕྲན་གྱིས་བལྟས་ན་ང་ཚོས་ཚངས་དབྱངས་རྒྱ་མཚོའི་མགུར་གླུར་བརྟག་དཔྱད་བྱེད་སྐབས་གོང་གི་རིགས་རྣམས་བཏང་སྙོམས་སུ་འཇོག་པ་དང་། སྒོས་སུ་མགུར་གླུའི་དངོས་བསྟན་ཚིག་གི་ཕྱི་ཚུལ་གྱི་རྣམ་པ་ཙམ་ལ་བལྟས་པ་མ་ཡིན་པར། ངེས་པར་དུ་སྐབས་དེའི་བོད་ཀྱི་སྤྱི་ཚོགས་དང་ཆབ་སྲིད་བཅས་ཀྱི་གནས་ཚུལ་དང་འབྲེལ་ཏེ་ཤུགས་བསྟན་དོན་གྱི་ཐད་ལ་བསམ་གཞིག་ལེགས་པར་བགྱིས་ཚེ་གཞི་ནས་མགུར་གླུ་དེ་དག་གི་བརྗོད་བྱའི་དོན་ངོ་མ་རྟོགས་ཐུབ་སྙམ། དེ་ལ་དེང་གི་དཔྱོད་ལྡན་འགའ་རེས་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ནི་ཕོ་མོའི་བར་གྱི་བརྩེ་དུང་མངོན་པའི་ཆགས་གླུ་རྐྱང་རྐྱང་མིན་པར། དེ་ནི་བོད་ཀྱི་ཆོས་སྲིད་ཐད་ཆགས་སྡང་མཚོན་པའི་སྲིད་གླུ་ཤ་སྟག་ཡིན་པར་བཀོད་ཐོག དཔེ་ཡང་མང་པོ་བཀོད་པ་ 【13】ལས་མཚོན་བྱེད་གཅིག་དྲངས་ན། སྙིང་ཐུབ་ཡིད་འཕྲོག་ལྷ་མོ། །རྔོན་པ་ང་རས་ཟིན་ཀྱང་། །དབང་ཆེན་མི་ཡི་དཔོན་པོ། །ནོར་བཟང་རྒྱ་ལུས་འཕྲོག་སོང་། ། ཞེས་པའི་ཤོ་ལོ་ཀ་འདིའི་ཤུགས་སུ་ཚིག་རྐང་དང་པོས་ཆོས་སྲིད་ཟུང་གི་དབང་ཆ་དང་། བར་པས་རྒྱལ་དབང་དྲུག་པ་རང་ཉིད་བརྗོད་པ། མཐའ་མ་གཉིས་ཀྱིས་རྒྱལ་པོ་ལྷ་བཟང་བསྟན་པར་བཤད་པ་སོགས་ནི་ཧ་ཅང་གིས་དོན་ལ་གནས་ཤིང་འཚམས་པས། འདི་ནི་ངེས་པ་དོན་གྱི་རྣམ་དཔྱོད་ཅན་གྱི་ཚིག་དང་བློ་གསལ་མཐོང་རྒྱ་རིང་བའི་རྟགས་ཡིན་པར་འདོད་དོ། །དེའི་ཕྱིར་མགུར་གླུའི་ཕྱི་ཚུལ་གྱི་རྣམ་པ་དང་ཚིག་གི་ངོ་གདོང་ཙམ་ལ་བརྟེན་ནས་ཚངས་དབྱངས་རྒྱ་མཚོ་སྙན་ངག་པ་རེད་ཅེས་བརྗོད་ཚེ་བསྟོད་སྨད་གང་ལ་འགྲོ་བར་ཆ་མ་འཚལ་ཏེ། སྤྱིར་མགུར་གླུའི་རིགས་ནི་བོད་མི་དམངས་དང་སྒོས་སུ་དབུས་གཙང་ཁུལ་གྱི་དམངས་ཁྲོད་དུ་སྔ་མོ་ནས་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་པར་མ་ཟད། ཆགས་གླུ་བྱིས་པ་ཡན་ཆོད་ཀྱི་ངག་ལས་ཀྱང་ཇི་སྙེད་ཅིག་ཐོན་ཐུབ་པ་དང་། ཕྱིས་ཀྱི་མཁས་རློམ་ལ་ལས་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཁ་སྣོན་བྱས་པའི་ནང་དུའང་དམངས་གླུ་མི་ཉུང་བ་ཞིག་ཡོད་པ་སོགས་ལ་གཞིགས་ན། བོད་མི་དམངས་བྱིངས་ཀྱང་སྙན་ངག་པ་ཆེན་པོ་ཤ་སྟག་ཏུ་འགྲོ་ཤས་ཆེ། དེར་བརྟེན་ཚངས་དབྱངས་རྒྱ་མཚོས་ཆགས་གཏམ་གྱི་མགུར་གླུའི་རིགས་བརྩམས་པས་སྙན་ངག་པ་ཆེན་པོ་ཞིག་རེད་ཅེས་བསྟོད་པ་ལས། ཁོང་གིས་དམངས་ཁྲོད་ཀྱི་མགུར་གླུའི་རྣམ་པ་སྤྱད་དེ་སྐབས་དེའི་བོད་ཀྱི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་ཚུལ་ཐད་ལ་གོ་བ་གཏིང་ཟབ་ལྡན་ཞིང་རང་གི་ལྟ་ཚུལ་ཤུགས་སུ་མཚོན་པའི་སྲིད་གླུ་མཛད་པ་སྔར་གྱི་མཁས་པ་གང་གི་ཞལ་ནས་ཀྱང་ཐོན་མ་མྱོང་བས། ཁོང་ནི་ཆོས་སྲིད་ཐད་སྤྱན་རྒྱ་ཤིན་ཏུ་ཡངས་ཤིང་རྩོམ་པ་ལ་ཕུལ་དུ་བྱུང་བ་ཞིག་རེད་ཅེས་གཟེངས་སུ་བསྟོད་ན་ད་གཟོད་ཀུན་གྱི་རྣ་བར་འགྲོ་ལ་དོན་ལ་གནས་པའི་ལེགས་བཤད་འབའ་ཞིག་ཏུ་འཁུམས་སོ། །
   དེང་སང་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཞེས་པ་ཡང་ཇེ་མང་ཇེ་མང་དུ་འགྲོ་བཞིན་འདུག  དང་ཐོག་ཤོ་ལོ་ཀ་དྲུག་ཅུ་རྩ་གྲངས་ནས་མཐའ་མ་སུམ་བརྒྱར་ཉེ་བའི་བར་འཕར་བ་དེར་བལྟས་ན། གཅིག་ན་ཚངས་དབྱངས་པ་ད་དུང་བཞུགས་ནས་རྩོམ་བཞིན་པ་དང་། གཉིས་སུ་སྐྱེ་བོ་ལ་ལ་ཁོང་གི་སྤྲུལ་སྐུར་རློམ་འདོད་པ་ཡིན་ན་མ་གཏོགས། དེར་ཁ་སྣོན་བྱེད་པའི་རྒྱུ་མཚན་དང་དགོས་པ་ཅི་ཡོད་མ་མཐོང་ཞིང་། ཁྱེད་ཅག་གི་དམིགས་ཡུལ་དེ་བས་ཀྱང་ཆ་མ་འཚལ་ན་བག་ཡོད་དུ་འདུག་པ་ལས་འོས་མེད། ལར་རྒྱལ་དབང་གི་ཞལ་ལས་ཐོན་པ་རེད་ཅེས་འོལ་ཚོད་ཀྱིས་ཆེས་ཆེར་སྒྲོག་པ་ནི་དགོས་པ་གཞན་དབང་དུ་སོང་བར་གདའ་བས་དེ་ཚན་རིག་དང་རིག་གཞུང་གི་ཁོངས་ལས་བརྒལ་བར་འདུག་གོ །
   གཞན་ཡང་ཉེ་ལོ་བོད་ལྗོངས་ནས་འདིའི་སྐོར་གྱི་ཡིག་ཆ་ཕྱོགས་སྒྲིག་རྒྱ་ཡིག་མ་མཐུག་པོ་ཞིག་བསྐྲུན་པ་བཀའ་དྲིན་ཆེ་ནའང་། ཞིབ་ཏུ་བལྟས་ཚེ་ཚང་མ་སྔར་ལབ་རྗེས་འབྲང་ལྟ་བུའི་མགུར་གླུ་ལ་འུད་བསྟོད་ཀྱི་རྩོམ་ཤ་སྟག་རེད་འདུག ད་ཕན་རྒྱལ་དབང་དྲུག་པའི་ལོ་རྒྱུས་ཀྱི་བྱུང་བ་དངོས་དང་མཐུན་ཞིང་ཡིད་ཆེས་པའི་དཔྱད་རྩོམ་དང་ཡིག་ཆ་ཤིན་ཏུ་ཉུང་བས། ཕྱིས་སུ་འདིའི་ཐད་བོད་ཡིག་གི་རྒྱུ་ཆ་དང་སྒོས་སུ་རྣམ་ཐར་གཙང་མ་རིན་ཐང་ཡོད་པ་རྣམས་བསྐྲུན་ཏེ་བརྟག་དཔྱད་ཀྱི་ལས་ཀ་དྲང་པའི་ལམ་དུ་ཁྲིད་རྒྱུ་ནི་གལ་ཆེ་བར་སེམས་པ་བཅས་ཁོ་བོ་ནི་ལྟ་རྒྱ་ཆུང་ལ་བློ་སྒོ་ཞན་པའི་ཁར་དཔེ་ཚོགས་མཐོང་བ་ཉུང་ལ་བརྗོད་འབྲིའི་སུག་རྩལ་དམན་པ་བཅས་ཀྱི་དབང་གིས། རྩོམ་འདིར་ནོངས་འཁྲུལ་ཅི་རིགས་འབྱུང་སྲིད་པས་མཁྱེན་དཔྱོད་ལྡན་པ་དག་གི་སྤྱན་སྔར་བཤགས་པ་ལེགས་སོ། །
མཆན་འགྲེལ།
【1】ཕ་བོང་ཁའི་གནས་བརྟན་འཇམ་གྲགས་ཡིན་པའང་བཤད།
【2】དཔེ་དེབ་བཞུགས་ཀྱང་ཁོ་བོའི་ལག་ཏུ་མ་སོན་པས་ཕངས།
【3】《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐརགཉིས་སུ་གསལ།
【4】《པཎ་ཆེན་སྐུ་འཕྲེང་ལྔ་པའི་རྣམ་ཐརསོགས་སུ་གསལ།
【5】《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐརགཉིས་སུ་གསལ།
【6】《སྲིད་དོན་རྒྱལ་རབསསུ་དྲངས་ཡོད།
【7】《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐརགཉིས་སུ་གསལ།
【8】《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར》གཉིས་སུ་གསལ།
【9】《བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེནབྱ་བར་གསལ།
【10】མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི《གསང་རྣམ》བྱ་བ་དེ་ལགས།
【11】མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི《གསང་རྣམ》བྱ་བ་དེ་ལག ས།
【12】《ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིགས་གཞུང་དུས་དེབདུ་གསལ།
【13】《རྗེ་ཙོང་ཁ་བ་ཆེན་པོའི་རྣམ་ཐརདུ་གསལ།
·རྩོམ་ཡིག་གོང་མ:གཞས་ཚིག ཁྲྭ་ཁོག་མཚེའུ་དཀར་འཁྱིལ།
·རྩོམ་ཡིག་འོག་མ:ཨ་ལཊ་གཟན་དཀར་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 12:54:56 [来自: 112.5.236.197]

 评论者:yisvtiopciw
EFoBnt  <a href="http://azmrnulkovci.com/">azmrnulkovci</a>, [url=http://kxhzebvshbmh.com/]kxhzebvshbmh[/url], [link=http://vorwivqsyrbl.com/]vorwivqsyrbl[/link], http://pnpyesamlezn.com/
发表时间:2016/4/25 1:21:19 [来自: 46.161.9.32]

 评论者:4YmF7xGG
http://www.2345daohang.com/mail.htm
http://www.505dh.com/mail.htm
http://www.3721.cc/youxiang/
http://www.365dhw.com/dianzi-youxiang.html
http://www.726c.com/html/mail.htm
发表时间:2015/12/6 7:58:45 [来自: 111.144.227.221]

འབྲེལ་ཡོད་དཔྱད་བརྗོད 46 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།32.23MS