ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལྗོངས་རྒྱུ།
 རྩོམ་ཡིག་ཀློག་པ།

བལ་པོར་ལྗོངས་རྒྱུ་བའི་ཚོར་བ་ཡིག་རིས་སུ་ཕབ་པ།

  རྩོམ་པ་པོ:ཚུལ་ཁྲིམས་བློ་གྲོས།ཡོང་ཁུངས:སེང་རྡོར་དྲ་བ།གཟིགས་གྲངས:8087ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/1/1 10:58:40ཚོགས་ཡར་སྤྲོད:admin
བལ་པོར་ལྗོངས་རྒྱུ་བའི་ཚོར་བ་ཡིག་རིས་སུ་ཕབ་པ།
 
དགའ་སྐྱོ་སྤེལ་མའི་ལྗོངས་རྒྱུ།
 
ཚུལ་ཁྲིམས་བློ་གྲོས།
 
སྨིན་དབུས་པོས་འོས་སྦྱོར་བྱས། 
 
   བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དེ་ཡང་རབ་རྒྱན་ལྕགས་སྦྲུལ་ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་སྔ་མའི་ཉིན་རྒྱ་བོད་བར་གྱི་མུ་ཁྱུད་ཧི་མ་ལ་ཡའི་རི་རྒྱུད་བརྒལ་ནས་བལ་ཡུལ་མཐིལ་གྱི་ཡམ་བུའི་གྲོང་ཁྱེར་དུ་སླེབས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་སྟེང་གི་བར་སྣང་ནས་ཚུར་ཕྱོགས་ན་གངས་ཅན་གྱི་ལྗོངས་དངུལ་དང་ཤེལ་དང་དུང་གི་འཇིག་རྟེན་ལྟ་བུ་དང༌། ཕར་ཕྱོགས་ན་བལ་བོའི་ཡུལ་གྱི་རི་ལྗོངས་ཐམས་ཅད་ནགས་ཚལ་གྱི་ལོ་མས་ལྗང་ཐིབས་ཀྱིས་གཡོགས་ཤིང་ཀླུང་དག་ན་དུད་སྤྲིན་གྱིས་སྔོ་ཁྱིལ་ལེ་ཁེངས་པ་སྟེ། འཇིག་རྟེན་མི་འདྲ་བ་གཉིས་དུས་གཅིག་ལ་མཐོང༌། དེ་གཉིས་ཀྱི་བར་ན་འཛམ་གླིང་ན་གྲགས་པའི་ཇོ་མོ་གླང་མའི་རི་སོགས་གངས་རི་ཆེ་ཆུང་ཤེལ་གྱི་མཆོད་རྟེན་བྱེ་བ་ཚར་དུ་དངར་བ་ལྟ་བུ་དག་གིས་ཡོངས་སུ་ཆོད། བལ་བོད་མཚམས་ཀྱི་གངས་རི། ནགས་ཀླུང༌། གཙང་པོ། ཐང་སྟོང་དེ་རྣམས་མཐོང་བ་ན་གངས་ཅན་གྱི་སྐྱེ་འགྲོ་ཡོངས་ལ་སྐུ་དྲིན་ཤིན་ཏུ་ཆེ་བའི་ལོ་པཎ་དེ་དག་གིས་སྐུ་ཚེགས་དང་སྐུ་སྲོག་ལ་མ་ལྟོས་པར་ལན་གྲངས་མང་པོར་ཞབས་ཐང་གིས་ཕར་བརྒལ་ཚུར་བརྒལ་མཛད་པའི་ཡུལ་དེ་འདི་དག་ཡིན་ནམ་སྙམ་སྟེ་དགའ་སྐྱོ་ལྷང་ངེ་བ་ཞིག་ཀྱང་བྱུང༌། །ཧི་མ་ལ་ཡའི་རི་རྒྱུད་བརྒལ་ནས་བལ་ཡུལ་གྱི་མཐིལ་མ་ཟིན་གྱི་བར་དུ་རི་ཀླུང་མཐོ་ཞིང་ཟབ་པ་འབའ་ཞིག་སྟེ། སྔོན་དྲུག་སྡེ་དག་བལ་ཡུལ་དུ་འབྱོན་པར་བརྩམས་པ་ན། ཚོང་པ་རྣམས་ཀྱིས་བལ་ཡུལ་ནི་རྔ་མོང་གི་རྒྱབ་དང་འདྲ་ཞེས་སྨྲས་པ་དེ་ཁོ་ན་ལྟར་དུ་འདུག རི་སུལ་དེ་དག་ན་འབྲུ་ཞིང་སྔོ་ཡེང་ངེ་བ་རྣམས་ཀྱི་འགྲམ་དུ་ཁང་པ་ཐ་ཐོར་དུ་མ་སྣང༌། དེ་ནས་བལ་ཡུལ་གྱི་མཐིལ་ཡམ་བུར་སླེབས་ཏེ། ཕྱོགས་ཐམས་ཅད་རི་བོས་བསྐོར་བའི་དབུས་ན་ཐང་གཞུང་ཤིན་ཏུ་ཆེན་པོ་ཞིག་སྟེ། ཇོ་བོ་རྗེ་ཡར་ཀླུངས་སུ་བྱོན་པ་ན་བལ་ཡུལ་མཐིལ་དང་འདྲའོ་ཞེས་ཐུགས་དགྱེས་ཚུལ་མཛད་པ་ལྟར་མཐའ་རིས་བསྐོར་བའི་ཐང་གཞུང་ཡིན་པ་ནི་ཡར་ཀླུངས་ཀྱི་མཐིལ་དང་འདྲ་ལ་རྒྱ་ནི་དེ་བས་ཆེས་ཆེའོ། །དེར་བལ་བོའི་རྒྱལ་ས་གྲོང་ཁྱེར་ཀད་མན་དྡྷུ་ཆགས་ཏེ། ཐང་ཐམས་ཅད་ཁང་བརྩེགས་ཆེ་ཆུང་སྣ་ཚོགས་པས་ཁྲ་ཆེམ་གྱིས་ཁེངས། མཆོད་སྡོང་བྱིན་ཅན་བྱ་རུང་ཁ་ཤོར་དང་རང་བྱུང་མཆོད་རྟེན་འཕགས་པ་ཤིང་ཀུན་དག་རྒྱང་མ་ནས་ཀྱང་གྲོང་ངེར་མཇལ། ལྷ་ས་ནས་འདི་བར་གྱི་མཁའ་ལམ་ལ་སྤྱིའི་ལེ་དབར་དྲུག་བརྒྱ་ཡོད་ཅིང་དུས་ཚོད་གཅིག་གི་ཡུན་དགོས། གནམ་གྲུ་ལས་བབས་ཏེ་བལ་བོའི་ས་ངོས་སུ་རྐང་མཐིལ་ཐོག་མར་འཇོག་པ་ན་རྣམ་རྟོག་གཞན་གང་ཡང་མ་སྐྱེས་པར་ངེད་སྟོན་པའི་ཕ་ཡུལ་ལ་ཐོན་པ་རེད་སྙམ་པའི་དགའ་ཚོར་དཔེ་མེད་པ་ཞིག་བྱུང༌། དེ་ནས་ཐོག་མར་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་མཇལ་ཏེ། མཐོང་བ་ཙམ་གྱིས་སྣང་བ་འགྱུར་བའི་དད་པ་དབང་མེད་དུ་འབྱུང་བའི་རྟེན་ངོ་མཚར་བླ་ན་མེད་པ་ཞིག་སྟེ། སྐོར་ལམ་ཕྱི་ངོས་ཀྱི་ཁང་བརྩེགས་ཕལ་མོ་ཆེ་བོད་པ་ཁོ་ནའི་ཡིན་ལ། ཉེ་འཁོར་ན་བོད་ཀྱི་དགོན་པའང་མང་པོ་སྣང༌། སྐོར་ལམ་ནང་གི་མི་མང་ཆེ་བའང་བོད་པ་རྣམས་ཏེ། ལྷ་སའི་བར་སྐོར་ནང་དུ་ཕྱིན་པ་ལྟ་བུའི་སྣང་བ་འབྱུང༌། ལོ་གསར་གྱི་ཚེས་གསུམ་ཉིན་གྲོང་ཁྱེར་དེར་ཡོད་པའི་བོད་པ་ཐམས་ཅད་ཀྱིས་བོད་གོས་ཆ་ཚང་ལ་སྤུས་གཙང་དག་གྱོན་ཏེ་མཆོད་རྟེན་ལ་ཕྱག་སྐོར་བྱེད་ཅིང་སྐོར་ལམ་ནང་དུ་ཚོགས་ནས་བོད་ཀྱི་གླུ་གཞས་དག་བཏང་སྟེ་སྣང་བ་དགའ་ཞིང་སྐྱོ་བ་ཞིག་བྱས། ཀད་མན་དྡྷུའི་ལམ་སྲང་གང་སར་ཡང་བོད་གོས་ཅན་དག་མཐོང་རྒྱུ་འདུག་སྟེ་ཆེས་བག་དྲོ་བའི་ཉི་མ་ཞིག་གོ །དེ་ནས་སྟོན་པའི་འཁྲུངས་ཡུལ་དངོས་ལིམྦིནིའི་ཚལ་དུ་ཕྱིན། འདི་ལ་དེང་སང་ཡང་ལིམྦིནི་ཞེས་སྨྲས་ན་བལ་བོའི་མི་གནམ་གྲུ་ཐང་དུ་ལས་ཀ་སྒྲུབ་མཁན་རྣམས་དང་རླངས་འཁོར་ཁ་ལོ་པ་དག་ལ་བརྡ་ལེགས་པར་འཕྲོད། བལ་ཡུལ་མཐིལ་ནས་རྒྱ་གར་གྱི་བྱང་སྣེ་ལ་མ་ཐུག་བར་དུ་ཡང་རི་ལྗོངས་རྔ་མོང་གི་རྒྱབ་ལྟ་བུ་དག་སྟེ། རི་རྒྱུད་དེ་དག་ཟད་ནས་རྒྱ་གར་གྱི་ཡུལ་མཐའ་ཐང་ཆེན་ཕ་མཐའ་མི་མངོན་པ་ན་འབྲུ་་ཞིང་གི་རེ་ཁ་ཀུན་ནས་མཉམ་པ་དག་གིས་རྣམ་པར་མཛེས་པ། སྟོན་པས་ཀུན་དགའ་བོ་ལུས་འཕགས་ཀྱི་རི་ལ་ཁྲིད་ནས་མ་གྷ་དྷའི་ཞིང་གི་རྣམ་པ་བསྟན་པ་དེའང་འདི་ལྟ་བུ་ཞིག་ཡིན་ངེས་སྙམ་བྱེད་པ་དག་བར་སྣང་ནས་མར་མཐོང་ངོ༌། །
ཀད་མན་དྡྷུ་ནས་ཡུལ་འདིའི་གནམ་གྲུ་འབབ་ཚུགས་བར་མཁའ་ལམ་ནས་དུས་ཚོད་ཕྱེད་ཀྱི་ཡུན་དགོས་ལ་ཡུལ་འདིར་འཕུར་བའི་གནམ་གྲུའི་མིང་ལའང་སངས་རྒྱས་ཀྱི་གནམ་གྲུ་ཞེས་བྲིས་སྣང༌། རླངས་འཁོར་གྱིས་ཕྱིན་ན་དུས་ཚོད་བརྒྱད་ཙམ་དགོས་ཟེར། དེ་ནས་སྤྱི་ལེ་བཅུ་ཕྲག་གཉིས་གསུམ་ཙམ་ཕྱིན་པས་ལིམྦིནིའི་དགའ་ཚལ་རང་དུ་འབྱོར། འདི་ནི་བལ་ཡུལ་མཐིལ་ལས་ཀྱང་དམའ་བས་དྲོད་ཚད་རང་ཅག་གི་དབྱར་དཀྱིལ་ལྟ་བུ་ཞིག་ཏུ་འདུག དེར་ཡུམ་སྒྱུ་འཕྲུལ་ལྷ་མོས་བླག་ཤའི་ཡལ་ག་ལ་འཇུས་ཏེ་བདེ་བར་གཤེགས་པ་སྐུ་འཁྲུངས་པའི་ཤུལ་ན་མཆོད་རྟེན་བརྩིགས་པའི་མདུན་དུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཙུགས་པའི་རྡོ་རིང་ཁང་པ་ཐོག་ཚད་མཐོ་ཤོས་ཙམ་གྱི་སྨད་ཀྱི་ཆ་ལ་ཡི་གེ་ཕྲེང་བཞི་ཤིན་ཏུ་ངོས་གཙང་ཞིག་བརྐོས་འདུག་སྟེ། ཡིག་གཟུགས་ནི་དགེ་འདུན་ཆོས་འཕེལ་གྱི་གསུང་ན་མ་ག་དྷའི་ཡི་གེའི་ཀ་དཔེ་བྲིས་པ་དེ་ཁོ་ན་ལྟར་དུ་སྣང་ལ་སྟོད་ཀྱི་ཆ་ལ་དེང་དུས་སུ་བྱུང་བ་དག་གིས་ཡིག་འབྲུ་གཞན་འགའ་རེའང་བྲིས་འདུག འདི་ལ་དགེ་འདུན་ཆོས་འཕེལ་གྱི་ཞལ་ནས། ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་ལ་རྒྱལ་པོ་ཁྲི་ལོ་ཉེར་གཅིག་པར་ཕྱོགས་འདིར་སླེབས་ནས། ཕྱོགས་འདིར་སངས་རྒྱས་འཁྲུངས་སོ། །ཞེས་རྡོ་རིང་བསླངས་པ་ཡིན་བྱ་བའི་ཡི་གེ་ཅན་ཡོད། ཅེས་སོ། །དེར་སྒྱུ་འཕྲུལ་མ་ལ་བཅོམ་ལྡན་འདས་འཁྲུངས་པའི་རྡོ་སྐུ་རྙིང་པ་འགའ་ཞིག་ཀྱང་འདུག ཉེ་འཁོར་ན་གཙུག་ལག་ཁང་མང་པོའི་ཤུལ་རྩིག་རྨང་ཕ་གུ་རིམ་པ་གསུམ་བཞི་ནས་མི་ལུས་ཕྱེད་ཙམ་ལ་སླེབས་པ་དག་དང༌། དེའི་མཐའ་སྐོར་ན་ཤིང་ལྗོན་པའི་ཕྲེང་བ་ཁོ་ལག་རབ་་་་་་ཏུ་ཡངས་པ་གྲིབ་བསིལ་སྣུམ་པ་མང་པོ་དང༌། ནེ་ཙོའི་སྒྲོ་ཐུལ་ལྟ་བུའི་སྤང་ཐང་དང་ཤིང་གི་མེ་ཏོག དངས་གཙང་གི་ཁྲུས་རྫིང༌། བསིལ་འཇམ་གྱི་རླུང་རྫི། མཐིང་མདོག་གི་ནམ་མཁའ་བཅས་ལྟ་ན་སྡུག་པའི་ཡུལ་གྱི་བཀོད་པ་དག་འདུག་ལ། ཞི་ཞིང་དུལ་བའི་སྤྱོད་ལམ་ཡིད་གཡོ་ནུས་པ་ཙམ་གྱི་ངང་ནས་ཕྱག་སྐོར་དང་སྟོན་པ་ལ་མངོན་པར་དང་བའི་ཡིད་ཀྱིས་རྣམ་པར་དག་པའི་བསྟོད་སྨོན་དག་དབྱངས་སུ་གྱེར་བའི་དད་པ་ཅན་དང༌། ལྗོན་པའི་གྲིབ་བསིལ་གྱི་འོག་ན་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པའི་སོས་དལ་བག་ཕེབས་ཀྱི་ངང་ནང་དུ་ཡང་དག་པར་གཞོལ་བའི་བོད་ཀྱི་ཆོས་པ་འགའ་ཡང་མཐོང་བས་སྙིང་ནས་ཡིད་སྨོན་པ་ཞིག་ཀྱང་བྱུང་་་་ངོ༌། །སྤྱིར་ལིམྦིནིའི་དགའ་ཚལ་དེ་ས་ཁྱོན་ཆེ་ལ་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་པ་རྣམས་ཀྱིས་དགོན་པ་བཅུ་ཕྲག་ལྷག་ཅིག་གསར་བཞེངས་བྱས་འདུག་ཅིང་དེའི་ནང་ན་བོད་དང་རྒྱ་ནག་གི་དགོན་པའང་ཡོད་དོ། །
དེ་ནས་སྟོན་པའི་ཕ་ཡུལ་དངོས་སེར་སྐྱའི་གྲོང་དུ་ཕྱིན། འདི་ལ་ཀཔིལ་བསྟུ་ཞེས་པའི་གདངས་དབྱིན་སྐད་ཀྱི་སྒྲ་འདི་(KAPILAVASTU)བརྗོད་ན་ཡུལ་དའི་མི་རྣམས་ལ་བརྡ་འཕྲོད། ལིམྦིནིའི་ཚལ་ནས་སྤྱི་ལེ་ཉི་ཤུ་ལྷག་ཅིག་ཕྱིན་པ་བལ་བོ་དང་རྒྱ་གར་གྱི་ས་མཚམས་ཉིད་ན་ཡོད། གྲོང་ཁྱེར་གྱི་ཤུལ་དེ་ས་ངོས་གཞན་དག་ལས་མཐོ་བར་ཡོད་ཅིང་མཐའ་སྐོར་རྣམས་འབྲུ་ཞིང་དུ་འདུག དེ་ན་སྔོན་གྱི་ཁང་པ་མང་པོའི་རྩིག་རྨང་ཕ་གུ་རིམ་པ་བཞི་ལྔ་ཙམ་རེ་ལྷག་འདུག ལིམྦིནི་དང་འདི་གཉིས་ཀའི་ཕ་གུ་རྣམས་ཆེ་ཆུང་གི་ཚད་གཅིག་ལ་རྡོ་ལྟར་དུ་སྲ་ཞིང་མཁྲེགས་པར་ཡོད། གྲོང་ཁྱེར་གྱི་ཤར་ནུབ་ཀྱི་སྒོ་ཆེན་གཉིས་ཀྱི་ཤུལ་དེ་མཐོ་ཙམ་རེ་ལུས་འདུག དེ་ལས་གཞན་རྣམས་སུ་ཤིང་ལྗོན་པ་ཆེན་པོ་དག་སྐྱེས་པ་ལས་ཅི་ཡང་མེད། གྲོང་ཁྱེར་འདི་བདག་ཅག་གི་སྟོན་པ་ཐོག་མར་བྱང་ཆུབ་སེམས་དཔའ་དགུང་གྲངས་ཉེར་དགུའི་བར་དུ་བཞུགས་པ་དང༌། བར་དུ་ཁབ་ནས་བྱུང་སྟེ་ལོ་བཅུ་གཉིས་དང་སངས་རྒྱས་ཏེ་ལོ་དྲུག་ལོན་པ་ན། རྒྱལ་པོ་ཟས་གཙང་གིས་བདག་གིས་གཞོན་ནུ་རིང་དུ་མ་མཐོང་བས་མཐོང་བར་འདོད་དོ་ཞེས་གསོལ་བས་ཡབ་སྲས་མཇལ་བའི་ཕྱིར་སྟོན་པ་འཁོར་བཅས་བྱོན་ཏེ། ནྱ་གྲོ་དྷའི་ཀུན་དགའ་ར་བར་བཞུགས། ཤཱཀྱ་བདུན་ཁྲི་བདུན་སྟོང་གི་བདེན་པ་མཐོང་བར་འགྱུར་བའི་ཆོས་བསྟན་པས་མང་པོ་རྣམས་ཀྱིས་རྒྱུན་ཞུགས་ནས་དགྲ་བཅོམ་པའི་བར་འབྲས་བུ་ཅི་རིགས་པ་ཐོབ་པའི་གནས་དང༌། མཐར་འཕགས་སྐྱེས་པོ་སྡིག་གྲོགས་ཀྱི་དབང་དུ་གྱུར་ནས་ཤཱཀྱ་རྣམས་གསོད་པར་ཆས་པ་ན་སྟོན་པས་ཀྱང་ཤཱཀྱ་རྣམས་ཀྱི་ལས་ཆུད་མི་ཟ་བར་མཁྱེན་ནས་སླར་ཡང་མཉན་ཡོད་ནས་སེར་སྐྱར་བྱོན་ནས་ཆོས་བསྟན་པའི་གནས་ཉིད་ཡིན་པར་མ་ཟད། སྟོན་པའི་ཉན་ཐོས་ཆེན་པོ་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཀུན་དགའ་བོ་དང༌། དབང་པོའི་སྒོ་སྡོམ་པ་རྣམས་ཀྱི་མཆོག་དགའ་བོ་དང༌། ཁྱིམ་པ་འདུལ་བ་རྣམས་ཀྱི་མཆོག་འཆར་ཀ་ལ་སོགས་པ་རྣམས་ཀྱི་ཕ་ཡུལ་ཡང་ཡིན་ནོ། །དེ་ལྟར་གྲོང་ཁྱེར་སེར་སྐྱ་ཡུལ་འབྱོར་བ། རྒྱས་པ། བདེ་བ། ལོ་ལེགས་པ། སྐྱེ་བོ་དང༌། མི་དང༌། འཕགས་པ་དག་གིས་ཡོངས་སུ་གང་བ་དེ་ཡང་ད་ལྟ་རང་ཅག་བསོད་ནམས་མེད་པའི་མི་རྣམས་ཀྱི་ངོར་ནི་རྨི་ལམ་གྱི་གྲོང་ཁྱེར་བཞིན་གར་སོང་ཆ་མེད་དུ་གྱུར་ཏེ་སོ་ཕག་འགའ་ཞིག་ལས་ཅི་ཡང་མཐོང་རྒྱུ་མི་འདུག་གོ །
ལར་དེང་སང་རྒྱ་གར་གྱི་གནས་ཆེན་གང་དུ་ཕྱིན་ཀྱང་འདི་ལྟ་བུ་ཙམ་རེ་ལས་གཞན་ཅང་ཡོད་པར་མི་འདུག་པས་སངས་རྒྱས་དང་སངས་རྒྱས་ཀྱི་བཞུགས་གནས་དག་ཕྱི་རོལ་ནས་རྙེད་པའི་དུས་དེ་ནི་ཡོལ་ནས་རིང་ཞིག་ལོན་ཟིན་པའི་ངེས་ཤེས་ཀྱང་སྐྱེས། སྔོན་ལྷོ་ལམ་ནས་དགེ་སློང་གཉིས་མཉན་ཡོད་དུ་སྟོན་པ་མཇལ་དུ་ཕྱིན་པའི་ལོ་རྒྱུས་ཞིག་ཀྱང་དྲན་ཏེ། འདུལ་བའི་ཆུ་ཚགས་ཀྱི་གླེང་གཞི་ལས། དགེ་སློང་གཉིས་སྟོན་པ་ལ་ཕྱག་འཚལ་དུ་ཕྱིན་པས་ལམ་དུ་ཆུ་ཟད་ནས་སྐོམ་སྟེ་རྫིང་ཞིག་ཏུ་ཆུ་བརྟགས་པས་མ་དག་པར་མཐོང༌། དེ་ལྟ་ན་ཡང་གཅིག་གིས་སྟོན་པ་ནི་བསྐལ་བ་སྟོང་ཕྲག་དག་ཏུའང་མཇལ་དཀའ་བ་ཡིན་པས་ཆུ་འདི་འཐུངས་ནས་མཇལ་དུ་འགྲོ་སྙམ་སྟེ་ཆུ་འཐུངས་ནས་སོང༌། ཅིག་ཤོས་ཀྱིས། སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བའི་བདག་ཉིད་སངས་རྒྱས་ཀྱི་བསྟན་པ་ལ་བསླབ་པ་བླངས་ནས་སྲོག་ཆགས་གསོད་པ་ལས་ནི་རང་གི་སྲོག་སྤང་བར་བྱ་སྙམ་དུ་བསམས་ཏེ་ཆུ་མ་འཐུང་བས་ཤི་བར་གྱུར། ཤི་ནས་ལྷར་སྐྱེས་ཏེ་སྟོན་པའི་དྲུང་དུ་ཕྱིན་པས་སྟོན་པས་དེ་ལ་ཆོས་བསྟན་ནས་བདེན་པ་མཐོང༌། དགེ་སློང་ཅིག་ཤོས་ཀྱང་མཐར་གྱིས་མཉན་ཡོད་དུ་འབྱོར་ནས་སྟོན་པ་ལ་ཕྱག་འཚལ་ནས་ལོ་རྒྱུས་ཞུས་པ་དང༌། སྟོན་པའི་ཞལ་ནས། ང་ཡི་བསྟན་ལ་མ་གུས་གང༌། །དེས་ནི་ང་མཐོང་ཅི་ཞིག་ཕན། །དེས་ནི་ང་ལ་བལྟས་ན་ཡང༌། །མཐོང་བ་མ་ཡིན་མཆོད་པ་མིན། །ང་ཡི་བསླབ་ལ་གང་སློབ་པའི། །དགེ་སློང་དེས་ནི་ང་མཐོང་སྟེ། །ཤེས་རབ་དམན་པ་ཁྱོད་ཀྱིས་ཀྱང༌། །སངས་རྒྱས་མངོན་སུམ་མ་མཐོང་ངོ༌། །ཞེས་དང༌། དེ་ནས་སྐུའི་བླ་གོས་ཕྱེ་ནས། ལྟོས་ཤིག་དགེ་སློང་ལུས་འདི་ལ། །གཙང་ཞིང་གསེར་གྱི་མདོག་འདྲ་བ། །སྔོན་གྱི་ལས་ཀྱི་རྣམ་སྨིན་དང༌། །ཕ་དང་མ་ལས་བྱུང་བས་སོ། །གང་གིས་ཆོས་ཉིད་མ་མཐོང་བ། །རྫོགས་པའི་སངས་རྒྱས་དེས་མི་མཐོང༌། །གང་གིས་ཆོས་ཉིད་མཐོང་གྱུར་པ། །དེ་ཡིས་ཐུབ་པ་ཆེན་པོ་མཐོང༌། །ཞེས་གསུངས་སོ། །
ངེད་གྲོང་ཁྱེར་གྱི་སྒོ་ཆེན་གྱི་རྩིག་རལ་དེའི་སྟེང་དུ་ལངས་ནས་སྒོ་ཆེན་འདི་ནས་བདག་ཅག་གི་སྟོན་པ་སྐུ་དངོས་ཀྱིས་ཡར་བྱོན་མར་བྱོན་ཐེངས་མང་པོར་མཛད་ཡོད་ངེས་ཡིན་པས་གནས་འདིར་འབྱོར་བ་སྙམ་ནས་དགའ་ཡང་དགའ། སྟོན་པས་ཆོས་ཀྱི་འཁོར་ལོ་བསྐོར། བསྟན་པའི་གཏད་རབས་བདུན་དང༌། རྒྱན་དྲུག མཆོག་གཉིས། དེ་དག་གི་འཁོར་བུམ་པ་བཟང་པོ་ལྟ་བུ་གྲངས་མེད་པ་དང་བཅས་པ་དེ་ཙམ་ཞིག་མྱ་ངན་ལས་འདས། གྲོང་ཁྱེར་སེར་སྐྱ་ཡང་རྩིག་རྨང་ཙམ་ལས་མ་ལུས་པ་འདི་ལྟ་བུར་གྱུར་པ་ན་ད་དུང་དུའང་ལས་དང་ཉོན་མོངས་པའི་ཁུར་འདི་ཙམ་ཞིག་ཐོགས་ནས་འོང་པ་སྙམ་སྟེ་སྡུག་ཀྱང་སྡུག ངོ་ཡང་གནོངས་ཏེ་སེམས་སྐྱོ་ལྷང་ངེ་བ་ཞིག་གི་ངང་ནས་སེར་སྐྱའི་གྲོང་དང་ཁ་གྱེས་ཏེ་འོངས་སོ། །
སླར་ཡང་བལ་ཡུལ་མཐིལ་དུ་ལོག འདི་ནས་ཕར་བལ་ཡུལ་མཐིལ་ལ་ཉིན་རེར་སྔ་དྲོ་དང་ཕྱི་དྲོར་གནམ་གྲུ་ཐེངས་གཉིས་རེ་ཡོད། དེ་ནས་རང་བྱུང་གི་མཆོད་རྟེན་འཕགས་པ་ཤིང་ཀུན་མཇལ། དེ་རི་ཆུང་ངུ་ཞིག་གི་རྩེ་ན་འདུག་སྟེ། དེ་ནས་བལྟས་ན་བལ་བོའི་རྒྱལ་ས་མ་ལུས་པ་ལག་མཐིལ་དུ་བལྟས་པ་བཞིན་ཁྲ་ཆེམ་གྱིས་མཐོང་ལ། རི་གླང་རུའི་ཞོལ་ན་ཕར་བོད་ཀྱི་གཙུག་ལག་ཁང་ལྷ་བཟོ་མཁས་པས་རི་མོར་བྲིས་པ་ལྟ་བུ་དག་ཀྱང་མཐོང༌། ནམ་མཁའ་ནི་འབག་བཙོག་གིས་མ་བསླད་པར་བཻཌྱའི་ཞུན་མས་བྱུག་པ་བཞིན་སྔོ་ཐེང་ངེར་འདུག་ལ། མཁའ་མཐའ་ན་སྤྲིན་དཀར་པོ་ཐར་ཐོར་དག་ཀྱང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གངས་རི་རྣམས་ཀྱི་རྩེ་ན་ལ་ཐོད་བཅིངས་པ་བཞིན་དུ་སྣང་སྟེ། འདི་དག་མཐོང་བ་ན་ལོ་སྟོང་ལྷག་གི་རིང་ལ་བོད་ཀྱི་ལོ་ཙཱ་བ་མང་པོས་ཡུལ་འདི་ནས་བོད་ཀྱི་སྐྱེ་འགྲོ་སྤྱིའི་དོན་དུ་དམ་པའི་ཆོས་མང་དུ་བསྒྱུར་བ། དོན་དེ་ཉིད་ཀྱི་ཕྱིར་ལོ་ཙཱ་བའི་སྐུ་སྲོག་ཀྱང་ཤོར་བ། རང་གི་སྐུ་ཚེ་ལའང་མ་ལྟོས་པར་བོད་ལ་ཕན་ཐོགས་ན་ཚེ་ཐུང་ཡང་སླ་སྙམ་དུ་བྱོན་པའི་ཇོ་བོ་རྗེ་ཡང་མཆོད་རྟེན་འདིའི་དྲུང་ནས་བོད་པ་རྣམས་ཀྱིས་བོད་ལུགས་ཀྱི་ཇ་ཐབས་མང་པོ་དང་གདན་ཆ་བསྒྲིགས་ནས་བསུ་བ་བྱས་པས་ཐུགས་ཆེར་མཉེས་པ་སོགས་མང་པོ་ཞིག་སེམས་ལ་འཁོར་ཏེ་བྱུང༌། འདིའི་ལོགས་ན་སློབ་དཔོན་དབྱིག་གཉེན་གྱི་སྐུ་གདུང་གི་མཆོད་རྟེན་ཡིན་ཟེར་བའང་ཡོད། རི་གླང་རུ་ནི་མདོ་ལས་ལི་ཡུལ་ན་ཡོད་ཅེས་གསུངས་མོད། འགའ་ཞིག་ནི་བལ་ཡུལ་ཉིད་ལི་ཡུལ་ཡིན་པར་བྱས་ཏེ། ཤིང་ཀུན་གྱི་ཕར་ཕྱོགས་ན་ཡོད་པའི་རི་མཐོ་ཤོས་དེ་རི་གླང་རུ་ཡིན་ཟེར། ཁ་ཅིག་ནི་འཕགས་པ་ཤིང་ཀུན་ཡོད་པའི་རི་ཆུང་ངུ་དེ་ཡིན་གསུངས་ཏེ་རེ་ཞིག་གང་ཡིན་རྩད་ཀྱང་མ་ཆོད་ལ་གཅོད་ལོང་ཡང་མ་བྱུང་ངོ༌། །
དེ་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་བྱོན་པའི་ལམ་ནས་བལ་བོའི་ཐང་དུ་བཏབ་པའི་བྷི་ཧ་ར་གཙུག་ལག་ཁང་དེ་མཇལ་འདོད་ཆེན་པོ་ཞིག་སྐྱེས་ཏེ་བཙལ་བས་གྲོང་ཁྱེར་གྱི་དབུས་ཁྲ་མེལ་ན་འདུག འདི་ཇོ་བོའི་ཆིབས་པ་གླང་པོ་ཆེ་མཐོང་སྨོན་བྱ་བ་ལ་ཤིང་དང་ས་རྡོ་བཀལ། བལ་བོའི་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱིས་སྦྱིན་བདག་མཛད་ནས་བརྩིག་ཏུ་བཅུག ཇོ་བོ་བོད་དུ་བྱོན་པའི་རབ་བྱུང་རྣམས་ཀྱི་ཐོག་མ་རྒྱལ་བུ་པདྨའི་འོད་ཀྱིས་མཁན་པོ་མཛད་པ་དེ་ཡིན། དེ་ནས་ལོ་ཉིས་བརྒྱ་ཙམ་གྱི་རྗེས་སུ་གྲུབ་ཆེན་ཨུ་རྒྱན་པ་བྱོན་པ་ན་བལ་བོ་ཐང་བྷི་ཧ་ར་ནས་རྙིང་མའི་རྒྱ་དཔེ་ཤིན་ཏུ་མང་པོ་གཟིགས་པ་དང༌། གློ་བོ་ལོ་ཙཱ་བ་དཔལ་ལྡན་བྱང་ཆུབ་ཀྱིས་ཐང་བྷི་ཧ་ར་ནས་གསང་བ་སྙིང་པོའི་རྒྱ་དཔེ་རྙེད་ཅེས་གསུངས་པས་རྒྱ་དཔེ་མང་དུ་བཞུགས་པར་སྣང༌། དེ་ནས་ལོ་བརྒྱད་བརྒྱ་འདས་པ་ལ་ཉེ་བ་ད་ལྟའི་དུས་སུ་ནི་བཤད་དང་སྒྲུབ་པའི་བསྟན་པ། དགེ་འདུན་གྱི་སྡེ། རྒྱ་དཔེ་མང་པོ་དང་བཅས་པ་ནི་མི་མངོན་པའི་དབྱིངས་སུ་སྔར་ཞིག་ནས་གཤེགས་ཟིན་ལ། གཙུག་ལག་ཁང་ཉིད་ལའང་བཀུར་སྟི་ཅི་ཡང་མེད། ཁང་སྲུང་པ་བལ་པོའི་མི་འགའ་དང་འཕྲད་ཀྱང་དེ་དག་གིས་ནི་འདི་སུས་བྱས་པ་ཡིན་ཡང་མི་ཤེས་ཟེར། མིག་གིས་མཐོང་རྒྱུ་ཡོད་པ་ནི་དབུས་སུ་གཙུག་ལག་ཁང་ཆུང་ངུ་ཁང་མིག་གཅིག་པ་ཐོག་བརྩེགས་གསུམ་ཡང་ཐོག་ཆུང་ངུ་ཞིག་དང་བཅས་བཞི་ཡོད་པ་ཞིག་དང༌། དེའི་གཡས་གཡོན་དང་ལོགས་གཉིས་ན་ཁང་མིག་ཆུང་ངུ་འགའ་ཞིག་གིས་བསྐོར་ཞིང་མདུན་དུ་སྒོ་ཁང་ཐོག་བརྩེགས་གཉིས་པ་ཅན་ཏེ། འདུལ་བ་ནས་གསུངས་པའི་གཙུག་ལག་ཁང་གི་རྣམ་པ་ལྟ་བུ་ཞིག་ཏུ་འདུག གཙུག་ལག་ཁང་གི་མདུན་ན་རྡོའི་མཆོད་རྟེན་ཆུང་ངུ་བཟོ་ལེགས་པ་འགའ་ཞིག་འདུག སྒོ་ཁང་སོགས་ཀྱི་ཤིང་བསྐོས་རྣམས་ཉི་ཆར་རླུང་དག་གིས་རྙིང་ནས་ཤུལ་མངོན་ཙམ་དང༌། རྫ་གྱོའི་ཐོག་ཁེབས་ཀྱི་གསེབ་ནས་ཡར་རྩྭ་ལྡུམ་སྔོ་ཡེང་ངེ་བ་སྐྱེས་ནས་འདུག་སྟེ། འདུས་བྱས་ཀྱི་ཆོས་ཉིད་ནི་འདི་ལྟ་བུའོ་ཞེས་སྟོན་པའི་སློབ་དཔོན་རང་དུ་མངོན་ནོ། །འདིར་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་གདན་དྲངས་པ་ཡིན་ཡང་ཟེར་ལ་པནྚི་ཏ་ཞིག་གིས་བྱས་པ་ཡིན་ཡང་ཟེར་བའི་འབུམ་ཞིག་མཇལ་རྒྱུ་ཡོད་དོ། །
དེ་ནས་མ་ཧཱ་བོ་དྷི་ཞེས་པ་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་དང་བཟོ་དབྱིབས་འདྲ་ཞིང་བྱིན་རླབས་ཀྱང་མཉམ་པ་ཞིག་རྡོ་རྗེ་གདན་དུ་འགྲོ་མི་ནུས་པ་རྣམས་ཀྱི་ཕྱིར་དུ་པནྚི་ཏ་ཞིག་གིས་བཞེངས་པར་གྲགས་པའི་མཆོད་རྟེན་དེའང་མཇལ། མཆོད་རྟེན་དེའི་འོག་ཁང་ན་རྡོའི་སྟོན་པའི་སྐུ་ཞིག་བཞུགས་ཏེ་བྱིན་རླབས་ཤིན་ཏུ་ཆེ་བ་ཞིག་ཡིན་པར་གྲགས། མཆོད་རྟེན་གྱི་ངོས་ན་སངས་རྒྱས་ཀྱི་སྐུ་རབ་ཏུ་མང་པོ་བཞུགས་སོ། །
དེ་ནས་ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་ཡང་ལེ་ཤོད་དུ་ཕྱིན། སྒྲོལ་མ་རང་བྱོན་དང་ཨ་སུ་རའི་སྒྲུབ་ཕུག་མཇལ། དེ་ནའང་བོད་ཀྱི་གཙུག་ལག་ཁང་མིག་དང་ཡིད་དུ་འབབ་པ། ཁོར་ཡུག་གཙང་ཞིང་ཉམས་དགའ་བ་དག་འདུག ཨ་སུ་རའི་བྲག་ཕུག་གི་སྒོ་ནས་བལྟས་ན་རྒྱང་མ་ན་མན་ཤེལ་གྱི་མཆོད་རྟེན་ལྟ་བུའི་གངས་ཀྱི་རི་རྒྱུད་དང༌། ཉེ་ས་ན་རྨ་བྱའི་མགྲིན་པ་ལྟ་བུའི་རི་ལྗོངས། མདུན་ཐང་ན་མེ་ཏོག་སེར་པོས་ཡོངས་སུ་ཁེབས་པའི་ཞིང་ཁ་གསེར་གྱི་ཞུན་མས་བྱུག་པ་ལྟ་བུ་སེར་ཡེང་ངེ་བ་དང༌།འབྲུ་ཞིང་སྔོ་ཐང་ངེ་བ་བཅས་ལྟ་ན་སྡུག་པའི་ལྗོངས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་དག་མཐོང་རྒྱུ་འདུག དྲོ་གྲང་ནི་རང་རེའི་དབྱར་དུས་ཙམ་ཞིག་ཡིན་ནོ། །
དེ་ནས་ཡམ་བུའི་གྲོང་ཁྱེར་གྱི་ཕྱོགས་གཅིག་ན་དབང་ཕྱུག་གི་གནས་རི་ཡོད་པ་དེར་ཕྱི་རོལ་བའི་ལྷ་ཁང་མང་དུ་འདུག་པར་ཕྱིན། དབང་ཕྱུག་གི་སྒྲུབ་རྟེན་རྡོའི་ལིང་ག་དང་བྷ་གའི་རྣམ་པ་ཅན་དགེ་ཆོས་ཀྱིས་གསུངས་པ་དེ་ཁོ་ན་ལྟ་བུ་མང་པོ་འདུག སྒྲུབ་པ་པོ་རས་ངུར་སྨྲིག་གི་སྟོད་གཡོག་དང་སྨད་གཡོག་དཀྲིས་ཤིང་རལ་བའི་ཟལ་བུ་ཤིན་ཏུ་རིང་པོ་འཕྱང་བ། ཐོད་པ་དང་དཔུང་པ་དང་བྲང་རྣམས་ལ་དབུས་སུ་ཚོན་དམར་པོ་དང་གཡས་གཡོན་གཉིས་ལ་སེར་པོས་རི་མོ་བྲིས་པས་ཁྲ་ཤིག་གེ་བ། སྐེ་ན་མེ་ཏོག་སེར་པོས་ཕྲེང་བ་ཐོགས་པ་དག་དང༌། མཚན་མ་ཁོ་ན་རས་དཀར་པོས་ཐུམ་པོར་བྱས་ཏེ་སྐེད་པར་བཏག་ནས་གཞན་ལུས་ཐམས་ཅད་གཅེར་བུར་ཕྱུང་སྟེ་ལུས་ཡོངས་ལ་རྩི་ཐལ་མདོག་བྱུག་པ་དག་དང༌། རལ་པའི་ཟལ་བུ་དག་རས་སེར་པོས་བཏུམ་ནས་སྤྱི་བོར་བཅིངས་ལ་སྐེད་པ་ན་རྩྭ་རས་ལིང་པོ་ཙམ་རེ་དཀྲིས་ཏེ་ཚོན་གང་ཡང་མ་བྱུག་པ་དག་མཐོང་སྟེ། ཁ་ཅིག་ཐལ་མོ་སྡེབ་ཅིང་ཆོ་ག་དག་དབྱིངས་སུ་གྱེར་བའི་མདུན་དུ་བུད་མེད་ཅིག་གིས་གར་འཁྲབ་པ་ལྟ་བུ་བྱེད། ཁ་ཅིག་གིས་སྣུམ་འཁུར་འཚེད། ཁ་ཅིག་ཉི་འོད་འོག་ཏུ་སོས་དལ་ངང་གཉིད་ལོག ཁ་ཅིག་ནི་ཙོར་པུར་པུས་བྲང་སྦྱར་ནས་འདུག ཁ་ཅིག་སྒོ་དྲུང་དུ་འདུག་ནས་སྐྱེ་བོའི་ཚོགས་ལ་ལྟད་མོ་ལྟ་བར་བྱེད་དེ། གཞན་ནལ་མའི་སྤྱོད་པ་ཅི་ཞིག་བྱེད་པ་ཡིན་ནི་མ་ཤེས་སོ། །
དེ་ནས་གྲོང་ཁྱེར་གྱི་བཟོ་བཀོད་ལ་བལྟས་ཏེ། གྲོང་ཁྱེར་གྱི་དབུས་ན་སོ་ཕག་དམར་པོ་དག་གིས་བརྩིགས་པའི་སྔོན་གྱི་ཁང་བརྩེག་མཐོན་པོ་ཤིང་བསྐོ་ཤིན་ཏུ་ལེགས་པས་མཛེས་པར་བརྒྱན་པ་དག་དང༌། བཤམ་སྟོན་ཁང་ན་སྔོན་གྱི་རྒྱལ་པོ་རྣམས་ཀྱི་ལོ་རྒྱུས་དང་ཡོ་བྱད་རྣམས་འདུག་ཀྱང་ངོ་མཚར་དུ་འོས་པ་ནི་ཆེར་མ་མཐོང༌། ལམ་སྲང་རྣམས་དོག་ཅིང་མཛེས་ཆ་ཡང་ཞན། བརྗིད་རྔམ་ཅན་གྱི་ཁང་བཟང་མཐོན་པོའང་དཀོན་ཏེ་དེང་དུས་ཀྱི་རྒྱལ་ཁབ་ཅིག་གི་རྒྱལ་ས་ལ་ལྟོས་ན་གསར་བསྐྲུན་གྱི་དངོས་པོ་ནི་གང་ཐད་ནས་ཀྱང་སྨྲ་རིན་ཆོག་པ་ཤིན་ཏུ་ཉུང་ངོ༌། །
དེ་ནས་ཆུ་རྟ་ལོའི་ཧོར་ཟླ་དང་པོའི་ཚེས་བཞི་ཉིན་བལ་ཡུལ་དང་གྱེས། ངེད་འཛམ་བུ་གླིང་ན་གྲགས་པ་འབར་བའི་གྲོང་ཁྱེར་མང་པོར་ཕྱིན་ཡང་གྱེས་པ་ན་ཡིད་ཕྲེང་བ་ཅུང་ཟད་ཀྱང་མ་བྱུང༌། དེ་ཉིན་གནམ་གྲུའི་སྐར་ཁུང་ནས་ཕར་ལྷ་མའི་མཆོད་སྡོང་བྱ་རུང་ཁ་ཤོར་དང་འཕགས་པ་ཤིང་ཀུན་སོགས་མཐོང་སྟེ་ཡིད་ཕྲེང་བ་ལ་ཚད་ཅིག་མ་བྱུང༌། སྟོན་པའི་ཕ་ཡུལ་འདིར་ད་དུང་ཅུང་ཟད་ཁོམ་ལོང་དང་བཅས་གཅིག་འབྱོར་ན་སྙམ་སྟེ་ཡུད་ཙམ་ལུས་པ་ན། སྟེང་དུ་མཐོན་མཐིང་གི་ནམ་མཁའ་མུ་མཐའ་མི་མངོན་པ་དང༌། འོག་ན་སྤྲིན་དཀར་པོའི་འདབ་མ་དག་ཐང་མ་བརྡལ་བ་ལྟ་བུའི་བར་སྣང་དུ་འབྱོར་ནས་འདུག་གོ །
ཞེས་པའང་བལ་པོར་ལྗོངས་རྒྱུ་བའི་ཚོར་བ་རྣམས་ཡིད་ལ་འཁོར་ཏེ་རབ་རྒྱན་ཆུ་རྟ་ལོའི་ཟླ་དང་པོར་གསེར་ལྗོངས་བླ་མ་རུང་དུ་ཚུལ་ཁྲིམས་བློ་གྲོས་ཀྱིས་བྲིས་པའོ། །
 
·རྩོམ་ཡིག་གོང་མ:གུ་རུའི་གསོལ་འདེབས་ཕྱོགས་བཅུ་དུས་བཞི་མ། །
·རྩོམ་ཡིག་འོག་མ:ཌཱཀྐི་ནི་རིག་འཛིན་ཆོས་སྐྱིད་དབང་མོའི་ཞབས་བརྟན།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 15:38:13 [来自: 112.5.236.197]

 评论者:5GG9KXGW
http://www.7663.net/html/mail/index.htm
http://www.1234h.com/youxiang43.html
http://www.baiwanzhan.com/site/t159413/
http://www.hao2345.com/htmls/youxiang/index.html
http://www.47751.com/siteinfo/92464
发表时间:2015/12/5 5:06:47 [来自: 111.144.227.221]

 评论者:7SijLE0v
http://www.3145.com/list/18youxiang.htm
http://www.3456.cc/Dianzi_Youxiang/index.html
http://www.3456.cm/mail.htm
http://www.6296.com.cn/s/res.html
http://www.3721.cc/youxiang/
发表时间:2015/12/2 13:42:22 [来自: 111.144.226.138]

འབྲེལ་ཡོད་དཔྱད་བརྗོད 39 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།37.11MS