ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

འཇིག་རྟེན་ཁྱིམ་སྲིད་ཀྱི་སྐོར་མདོ་ཙམ་བརྗོད་པ།

རྩོམ་པ་པོ:ནོར་གནགཡོང་ཁུངས:མཚོ་སྔོན་པོ།གཟིགས་གྲངས:2271ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/12/23 16:45:01ཚོགས་ཡར་སྤྲོད:admin
འཇིག་རྟེན་ཁྱིམ་སྲིད་ཀྱི་སྐོར་མདོ་ཙམ་བརྗོད་པ།

ནོར་གནག
ཕྱོགས་དུས་ཀུན་ཏུ་འཇིག་རྟེན་དབུ་ནག་མིའི། །
རླུང་རྟ་སྡེ་བཞི་འཕེལ་ལ་གྲོགས་བྱེད་ཅིང་། །
མྱུར་དུ་གཏད་ན་བདག་ཏུ་འཛིན་པའི་ལྷ། །
ཡུལ་ལྷ་གཞི་བདག་འཇིག་རྟེན་ལྷ་རྣམས་མཆོད། །
འདོད་ཡོན་ལོངས་སྤྱོད་སྤེལ་ལ་ཐུགས་མཁས་ཤིང་། །
འཇིག་རྟེན་ལས་བཞི་བསྒྲུབས་ལ་དབང་མངའ་བའི། །
སྲིད་འདིར་མཛངས་ལས་སྤེལ་མཁས་སྲིད་པའི་མི། །
སྔོན་བྱོན་མི་ཆེན་དག་ཀྱང་སྤྱི་བོས་བཀུར། །
ཅི་ཡང་མི་ཤེས་མི་ལས་མི་བརྩོན་ཅིང་། །
འཇིག་རྟེན་ཕུན་ཚོགས་རྒུད་ནས་རྒུད་གྱུར་ཏེ། །
སྔོ་ཟད་ཐབས་སྡུག་ཁྱིམ་ཐབ་ཤོར་ཉེ་བའི། །
ཁྱིམ་སྲིད་སྐྱོང་འདོད་རྣམས་ལ་གཏམ་འགའ་བརྗོད། །
འཇིག་རྟེན་འདི་ན་དད་མོས་བགྲང་ལས་འདས། །
གང་ཞིག་བདམས་ཏེ་དད་པ་རང་གི་དབང་། །
འཁོར་བ་དོན་དུ་གཉེར་བའི་མི་རྣམས་ལ། །
འཇིག་རྟེན་ཁྱིམ་སྲིད་ཡན་ན་ནོར་བུ་མེད། །
ཁྱིམ་གྱི་སྲིད་ནི་རྒྱལ་སྲིད་ཉིད་དང་མཚུངས། །
ཁྱིམ་གྱི་བདག་པོ་རྒྱལ་པོ་ཉིད་དང་མཚུངས། །
ཁྱིམ་གྱི་སྲོལ་ནི་རྒྱལ་ཁྲིམས་ཉིད་དང་མཚུངས། །
ཁྱིམ་གྱི་མི་རྣམས་རྒྱལ་དམངས་ཉིད་དང་མཚུངས། །
ཁྱིམ་སྲིད་འདི་ནི་ཀུན་གྱི་རྩ་བ་ཡིན། །
རླུང་རྟ་སྡེ་བཞི་འཕྱོང་བའི་རྨང་གཞི་ཡིན།  །
ཁྱིམ་སྲིད་འཁྱོངས་ན་རྒྱལ་སྲིད་ཉིད་ཀྱང་འཁྱོངས། །
ཁྱིམ་སྲིད་ཉམས་ན་རྒྱལ་སྲིད་ཉིད་ཀྱང་ཉམས། །
དེ་ཕྱིར་ཁྱིམ་སྲིད་དོན་གཉེར་འཇིག་རྟེན་པས། །
ཐོག་མར་འདི་ལ་དད་ཅིང་འདི་ལ་ཞེན། །
འདི་ལ་གཙིགས་ཆེན་འདི་ལ་གོང་བཀུར་བྱེད། །
ཁྱིམ་སྲིད་འཕྲིན་ལས་རྒྱས་པའི་སྔོན་འགྲོ་ཡིན། །
ཁ་ལ་བཟའ་རྒྱུ་རྒྱབ་ལ་གྱོན་རྒྱུ་དང་། །
རིགས་རྒྱུད་རིན་ཆེན་སྤེལ་བའི་ཁྱིམ་གཞི་བཅས། །
ལེགས་པར་བསྒྲུབ་ཀྱང་ལེགས་པར་སྐྱོང་བ་ནི། །
ཁྱིམ་སྲིད་འཕྲིན་ལས་རྒྱས་པའི་རྨང་རྡོ་ཡིན། །
ཁྱེད་ནི་སྐྱོན་མེད་སངས་རྒྱས་མ་ཡིན་ཞིང་། །
ཁྲོ་མེད་བྱང་ཆུབ་སེམས་དཔའ་ཡང་མ་ཡིན། །
འཁོར་སྤང་ཐར་བ་བསྒྲུབས་མཁན་ཀྱང་མིན་པའི། །
འཇིག་རྟེན་ཕུན་ཚོགས་གཉེར་བའི་འཇིག་རྟེན་པ། །
དེ་བས་ཁྱེད་ལ་དགའ་སྐྱོ་ཆགས་སྡང་དགོས། །
དེ་བས་ཁྱེད་ལ་དགའ་ཁ་འཁྱེར་ཕྱོགས་དགོས། །
དེ་བས་ཁྱེད་ལ་ཤ་ཞེན་རུས་ཞེན་དགོས། །
དེ་བས་ཁྱེད་ལ་མི་ཚེའི་བདེ་སྐྱིད་དགོས། །
དེ་བཞིན་ཁྱིམ་སྲིད་སྐྱོང་བའི་འཇིག་རྟེན་པར། །
སྲིད་དབང་དོན་གཉེར་བྱེད་པའི་ཐབས་ཇུས་མཁོ། །
དཔལ་འབྱོར་འཚོལ་སྙེག་བྱེད་པའི་ཤེས་རབ་མཁོ། །
རིག་གནས་ཕུན་ཚོགས་བསྐྲུན་པའི་གསར་གཏོད་མཁོ། །
མཁོ་གསུམ་མཁོ་བ་འཛོམས་ཤིང་ལེགས་གྲུབ་ན། །
ཁྱེད་ནི་གང་ཞིག་ཐབས་ནི་གང་དག་གིས། །
འཇིག་རྟེན་འཁོར་བའི་བདེ་བ་ཙམ་དག་ལ། །
རང་ཉིད་རང་གིས་དོན་དུ་གཉེར་བྱས་ཀྱང་། །
སྐྱེས་བུ་ཐ་མ་མ་ཡིན་མཆོག་ཏུ་འགྱུར། །
ཁྱིམ་སྲིད་སྐྱོང་ལ་ཁྱིམ་བདག་བཟང་བོ་མཁོ། །
ཁྱིམ་བདག་ཉིད་ནི་ཁྱིམ་གྱི་རྒྱལ་བོ་འདྲ། །
རྒྱལ་བོ་བཟང་ན་རྒྱལ་སྲིད་དར་བ་བཞིན། །
ཁྱིམ་བདག་བཟང་ན་ཁྱིམ་སྲིད་ཉིད་ཀྱང་དར། །
ཁྱིམ་བདག་ཁྱེད་ནི་ཁྱིམ་གྱི་ཀ་གདུངས་ཡིན། །
ཁྱིམ་བདག་ཁྱེད་ནི་ཁྱིམ་གྱི་སྣ་འདྲེན་ཡིན། །
ཁྱིམ་བདག་ཁྱེད་ནི་ཁྱིམ་གྱི་མགོ་ཁྲིད་ཡིན། །
ཁྱིམ་བདག་ཁྱེད་ནི་ཁྱིམ་གྱི་མིག་དཔེ་ཡིན། །
ཁྱེད་ལ་འཇིགས་པ་མེད་པའི་སྙིང་སྟོབས་དགོས། །
ཁྱེད་ལ་ཉམས་པ་མེད་པའི་སེམས་ཤུགས་དགོས། །
ཁྱེད་ལ་རྒུད་པ་མེད་པའི་གསོན་ཤུགས་དགོས། །
ཁྱེད་ལ་ལྡོག་པ་མེད་པའི་བརྩོན་འགྲུས་དགོས། །
ཁྱེད་ཀྱིས་འདི་ལྟར་ལེགས་པར་མཛུབ་ཁྲིད་ན། །
ཁྱེད་ཀྱི་རིགས་རྒྱུད་བུ་དང་བུ་མོས་ཀྱང་། །
ཁྱེད་ཀྱི་རྗེས་འབྲངས་ཁྱེད་ལ་མིག་དཔེ་བྱེད། །
ཁྱིམ་སྲིད་འཕྲིན་ལས་གོང་ནས་གོང་དུ་འཕེལ། །
ཁྱིམ་ནག་ཁྱིམ་གྱི་ནོར་བུ་ཕ་མ་ནི། །
དབུ་ནག་མི་ཡི་སློབ་དཔོན་དང་པོ་ཡིན།།
རིགས་རྒྱུད་གང་དེའི་འགྲོ་འདུག་སྤྱོད་གསུམ་ཡང་། །
ཕལ་ཆེར་ཕ་མ་གཉིས་ལས་བྱུང་བ་ཡིན། །
ཕ་མ་བཟང་པོ་འཇིག་རྟེན་ཆོས་ལ་མཁས། །
ཁྱིམ་སྲོལ་བཟང་བོས་ཡ་རབས་བུ་ཕྲུག་སྐྱོང་། །
ཁྱིམ་སྲིད་འཕྲིན་ལས་སྤེལ་མཁས་བུ་རྒྱུད་བསྐྱེད།
དེ་ཡི་རིགས་རྒྱུད་རྣམས་ཀྱང་འཕེལ་བར་འགྱུར། །
ཕ་མ་ངན་ན་སོན་བཟང་བུ་ཕྲུག་ཀྱང་། །
མདོ་མེད་ལང་ཤོར་མ་རབས་ལས་ལ་ཕྱོགས། །
ཁྱིམ་སྲིད་འཕྲིན་ལས་མར་ངོ་ཟླ་བཞིན་འགྲིབ། །
དེ་ཡི་རིགས་རྒྱུད་རྣམས་ཀྱང་རྒུད་པར་འགྱུར། །
དེས་ན་ཡ་རབས་བསྐྱེད་དང་མ་རབས་བསྐྱེད། །
གང་ཞིག་འཕྱོང་མིན་ཕ་མར་རག་ལས་ཕྱིར། །
ཁྱིམ་སྲིད་འཕྲིན་ལས་འཕེལ་འདོད་ཕ་མ་ཡིས། །
རང་རྒྱུད་ལེགས་པར་སྐྱོང་ལ་འབད་པར་བྱ། །
འཇིག་རྟེན་ཁྱིམ་སྲིད་སྐྱོང་ལ་སྐྱེས་པ་མཁོ། །
རིགས་རྒྱུད་རིན་ཆེན་སྤེལ་བའི་ས་བོན་ཡིན། །
ས་བོན་མེད་ན་མྱུ་གུ་མེད་པ་བཞིན། །
སྐྱེས་པ་མེད་ན་མི་རྒྱུད་ཉམས་པར་འགྱུར། །
སྐྱེས་པ་རྣམས་ནི་རྒྱལ་སྲུང་དམག་དང་མཚུངས། །
ཁྱིམ་སྲིད་བདེ་འཇགས་བསྲུངས་པའི་དམག་མི་ཡིན། །
བདེ་འཇགས་མེད་ན་རྒྱལ་སྲིད་ཉམས་པ་བཞིན། །
བདེ་འཇགས་མེད་ན་ཁྱིམ་སྲིད་ཉིད་ཀྱང་ཉམས། །
དེས་ན་ཁྱིམ་སྲིད་སྐྱོང་བའི་སྐྱེས་པ་ལ། །
དགྲ་ལ་ཡ་ལན་སྤྲོད་པའི་དཔའ་རྟུལ་མཁོ། །
དཀའ་ངལ་གདོང་ལེན་བྱེད་པའི་སྙིང་རུས་མཁོ། །
རྒྱུ་ནོར་ལོངས་སྤྱོད་བཙལ་བའི་བློ་རིག་མཁོ། །
མདུན་ལམ་འཚོལ་རྟོག་བྱེད་པའི་བསམ་གཞིག་མཁོ། །
འཇིག་རྟེན་ཁྱིམ་སྲིད་སྐྱོང་བའི་ཐབས་ཤེས་མཁོ། །
ཕུན་ཚོགས་རིག་གནས་བསྐྲུན་པའི་མཁས་མཛངས་མཁོ། །
རང་མགོ་རང་ཐོན་བྱེད་པའི་སྒེར་ཚུགས་མཁོ། །
ལྷག་པར་འཇིག་རྟེན་ཁྱིམ་སྲིད་སྐྱོང་བ་ལ། །
ཁྱིམ་གྱི་ཁེ་ཕན་ཀུན་གྱི་རྩ་བར་ལྟ། །
ཁེ་གྱོང་བླང་དོར་ཕྱེས་ཏེ་ལེགས་བསྒྲུབས་ན། །
ཁྱིམ་སྲིད་ལོངས་སྤྱོད་རྣམས་ཀྱང་རྒྱས་པར་འགྱུར། །
བུད་མེད་རྣམས་ནི་ཁྱིམ་གྱི་བདག་མོ་ཡིན། །
སྲིད་པ་མི་རྒྱུད་སྤེལ་བའི་ས་ཞིང་ཡིན། །
ས་ཞིང་མེད་ན་ས་བོན་འཕེལ་མེད་བཞིན། །
བུད་མེད་མེད་ན་རིགས་རྒྱུད་ཉིད་ཀྱང་ཉམས། །
དེ་ཕྱིར་འཇིག་རྟེན་ཁྱིམ་སྲིད་སྐྱོང་བ་ལ། །
བུད་མེད་མེད་དུ་མི་རུང་བཀུར་དུ་འོས། །
དབུ་ནག་མི་བུའི་མི་ཆེན་དེ་དག་ཀྱང་། །
བུད་མེད་རྣམས་ལ་བརྟེན་ཏེ་བྱུང་བ་ཡིན། །
སྐྱེས་པ་མེད་ཀྱང་རང་མགོ་འཁྱོངས་པ་དང་། །
ཁྱིམ་ཐབ་སྙིང་ལ་བཅངས་ཤིང་བུ་མང་བཙའ། །
ལུས་ཚུགས་ཐུབ་ཅིང་སྨྲ་བ་མང་བོ་མེད། །
སེམས་པ་དྲང་ཞིང་གྲོགས་ལ་ཕྱི་ཐག་རིང་། །
ལས་ལ་ཡང་ཞིང་ལག་འབྲས་གཙང་བ་སྟེ། །
མཛངས་མའི་ཡོན་ཏན་རྣམ་པ་བརྒྱད་དུ་གྲགས། །
འཇིག་རྟེན་སྐྱོང་བའི་བུད་མེད་སུ་ཡིན་ཡང་། །
འདི་དག་སྙིང་ལ་བཅངས་ཏེ་འབད་པར་བརྩོན། །
མཛངས་ཤིང་མཁས་ན་བུད་མེད་གཅིག་གིས་ཀྱང་། །
ཁྱིམ་སྲིད་བྱ་ལས་གོང་དུ་སྤེལ་བར་ནུས། །
བློ་གསལ་རིགས་ཀྱི་བུ་དང་བུ་མོ་ནི། །
ཁྱིམ་སྲིད་ཡུན་དུ་བསྲིངས་བའི་རྩ་བ་ཡིན། །
ཁྱིམ་སྲིད་སྤེལ་ལ་མི་རྒྱུད་གནད་ཆེ་བས། །
བུ་ཕྲུག་རྣམས་ནི་མི་རྒྱུད་འཛིན་མཁན་ཡིན། །
གཞོན་པའི་དུས་ནས་འཇིག་རྟེན་ཁྱིམ་སྲིད་ལ། །
ཕན་ཞིང་མཁོ་བའི་རིག་གནས་ཀུན་ལ་སྦྱངས། །
མི་བུར་འཇོན་ཐང་མེད་ན་བླ་མེད་ཀྱི། །
ཁྱིམ་སྲིད་འཕྲིན་ལས་གོང་འཕེལ་ཇི་ལྟར་གཏོང་། །
དེའི་ཕྱིར་ཁྱིམ་སྲིདའཛིན་པའི་བུ་ཕྲུག་གིས། །
ཁྱིམ་ཐབ་རྒུད་བྱེད་ལེ་ལོ་སྤངས་བྱས་ཏེ། །
ཡབ་མེས་ཡིག་ཚང་རྟོགས་ཤིང་ཕ་མར་གཅེས། །
རྒན་བཀུར་ཆུང་བྱམས་ཆེ་ཞིང་ལས་ལ་བརྩོན། །
བློ་ཡི་ཕུགས་སོ་རིང་ཞིང་རང་གཤིས་བརྟན། །
ཁ་ལེན་ཚིག་བརྩི་བྱེད་ཅིང་ཁྱིམ་སྲོལ་འཛིན། །
ཁྲེལ་ཡོད་ངོ་ཚ་ཤེས་ཤིང་གཤིས་རྒྱུད་དྲང་། །
འཇིག་རྟེན་མི་ཆོས་དག་ལ་ལེགས་པར་སྦྱངས། །
གངས་རི་ར་བས་བསྐོར་བའི་ཞིང་ཁམས་འདིར། །
སྔོན་བྱོན་ཡབ་མེས་རྣམས་ཀྱི་རྣམ་དཔྱོད་ཀྱིས། །
འཛམ་གླིང་ཕྱོགས་བཅུ་བུ་མོའི་རྣ་རྒྱན་དུ། །
གྱུར་པ་བཅུ་ཕྲག་རིག་པའི་གནས་ཀྱིས་གཏམས། །
དེ་ཡི་ཆ་ཤས་འཇིག་རྟེན་མི་ཆོས་ལས། །
ཁྱིམ་སྲིད་ཁྱིམ་གྱི་སྐྱོང་ལུགས་རྡུལ་ཙམ་ཞིག །
བླངས་ཏེ་ཀུན་ལ་ཅུང་ཟད་བརྗོད་པ་འདིས། །
འཇིག་རྟེན་ཁྱིམ་སྲིད་འཕྲིན་ལས་རྒྱས་པར་ཤོག །
ཨེ་མའོ་ཁྱིམ་སྲིད་ཨེ་མའོ་རྨད་དུ་བྱུང་། །
ཨེ་མའོ་ཁྱིམ་ནག་ཨེ་མའོ་བླ་ན་མེད། །
ཁྱིམ་སྲིད་འཕྲིན་ལས་རྒྱལ་མཚན་རྒྱལ་གྱུར་ཏེ། །
རྒྱུ་དང་ནོར་གྱིས་བོད་ཁམས་ཕྱུག་པར་ཤོག །
·རྩོམ་ཡིག་གོང་མ:གཞས་ཚིག ཤར་གངས་རི་དཀར་པོ།
·རྩོམ་ཡིག་འོག་མ:དྲྭ་ཐོག་རྩོམ་པ་པོས་འབད་དགོས་སའི་ཁ་ཕྱོཊ་འགའ།།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 20:42:09 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 21:35:46 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 21:04:10 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 55 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།64.94MS