ཤར་གངས་རི་དཀར་པོའི་རྩེ་མོ་ན།།
སྤྲིན་དཀར་པོ་གནམ་ལ་བསྙེགས་འདྲ་བ།།
དེ་མཐོང་བའི་མོད་ལ་བླ་མ་དྲན།།
དྲིན་བསམ་ཞིང་བསམ་ཞིང་དད་པ་སྐྱེ།།
སྤྲིན་དཀར་པོ་ལྡིང་བའི་ཤར་ཕྱོགས་ན།།
འབྲོག་དགེ་ལྡན་རྣམ་པར་རྒྱལ་བ་དེར།།
མཚན་བརྗོད་པར་དཀའ་བའི་དྲིན་པོ་ཆེ།།
ཕ་བློ་བཟང་གྲགས་པ་ཡབ་སྲས་བཞུགས།།
ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་སོགས།།
ཆོས་ཟབ་ལ་ཤིན་ཏུ་རྒྱས་པར་གསུངས།།
བོད་ཁ་བ་ཅན་གྱི་སྐྱེ་བོ་ལ།།
མགོན་ཁྱེད་ཀྱི་བཀའ་དྲིན་བསམ་མི་ཁྱབ།།
དྲིན་ཇི་བཞིན་འཁུར་བར་མ་ནུས་ཀྱང༌།།
སེམས་ཆགས་སྡང་དབང་དུ་མ་སོང་བར།།
མགོན་ཁྱེད་ཀྱི་བསྟན་པ་འཛིན་པ་ལ།།
དུས་ནམ་ཡང་བརྩོན་པ་བགྱིད་པར་སྨོན།།